མི་ཚོགས་ཀྱི་ཁྲོད་དུ་རླངས་འཁོར་བཏང་ནས་མི་ལྔ་རྐྱེན་ལམ་དུ་ཤོར་འདུག
མི་ཚོགས་ཀྱི་ཁྲོད་དུ་རླངས་འཁོར་གང་བྱུང་བཏང་ནས་མི་ལྔ་རྐྱེན་ལམ་དུ་ཤོར་ཡོད་པ་དང་མི་༡༣ ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༢ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཀོང་ཀྲོའུ་(Guangzhou) གྲོང་ཁྱེར་གྱི་ལྷོ་ཕྱོགས་ས་ཁུལ་ཞིག་གི་ལམ་ག་བཞི་མདོ་ཡོད་ས་ཞིག་ལ་མི་ཞིག་གིས་རྐང་ཐང་འགྲོ་མཁན་མི་ཚོགས་ཁྲོད་དུ་རླངས་འཁོར་གང་བྱུང་བཏང་ནས་མི་ལྔ་བསད་ཡོད་པ་དང་མི་༡༣ ལ་རྨས་སྐྱོན་ཕོག་ཡོད་འདུག
དྲྭ་ལམ་ཁག་ཏུ་བརྒྱུད་སྤེལ་བྱེད་བཞིན་པའི་བརྙན་ཐུང་ལ་བལྟས་ན། གནས་ཚུལ་དེ་བྱུང་ནས་སྐར་མ་ཁ་ཤས་ཀྱི་རྗེས་སུ་མི་དེས་རླངས་འཁོར་ནས་མར་བབས་ནས་ཤོག་དངུལ་མང་པོ་གནམ་ལ་གཏོར་བཞིན་ཡོད་པ་མཐོང་རྒྱུ་ཡོད་འདུག གནས་ཚུལ་དེ་ཟླ་འདིའི་ཚེས་༡༡ ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་བྱུང་ཡོད་པ་དང་། རླངས་འཁོར་གཏོང་མཁན་དེ་ལོ་༢༢ ཡིན་ཞིང་ད་ལྟའི་ཆར་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ནས་གནས་ཚུལ་ལ་རྟོག་ཞིབ་བྱེད་བཞིན་ཡོད་འདུག།
གནས་ཚུལ་དེ་ལྟ་བུ་ཞིག་ཕྱི་ལོ་༢༠༢༢ ཟླ་བ་༢ ནང་རྒྱ་ནག་གི་ཧྤུ་ཅན་(Fujian) ཞིང་ཆེན་དུ་ལྷག་ཡོད་པ་དང་། སྐབས་དེ་མི་ཞིག་གིས་དོས་སྐྱེལ་རླངས་འཁོར་ཞིག་གང་བྱུང་དུ་བཏང་ནས་མི་བཞི་བསད་ཡོད་པ་དང་། མི་དགུ་ལ་རྨས་སྐྱོན་བཏང་ཡོད་འདུག
བདུན་ཕྲག་སྔོན་མའི་ནང་དུ་ཧྲང་ཧེ་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་གི་ལས་མི་ཕན་ཚུན་ཁ་རྩོད་ཤོར་བའི་རྗེས་མི་ཞིག་གིས་བསམ་བཞིན་དུ་རླངས་འཁོར་གང་བྱུང་བཏང་ཡོད་ཀྱང་། སྐབས་དེ་མི་ལ་འཆི་རྨས་གང་ཡང་བྱུང་མེད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།