མི་ལོ་དྲུག་ཅུ་ལྷག་གི་མང་གཙོ།

ཆེད་བརྗོད།

བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་སྲོལ་གསར་གཏོད་མཛད་ཅིང་། ཕྱི་ལོ་༡༩༦༠ ཟླ་༩ ཚེས་༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོས་དམ་འབུལ་ཞུས་པའི་ཉིན་མོ་ནི། བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པའི་དུས་ཆེན་དུ་བརྩིས་པ་རེད། དུས་དེ་ནས་བཟུང་སང་ཉིན་ཕྱི་ལོ་༢༠༢༡ ཟླ་༩ ཚེས་༢ ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༡ འཁོར་བ་རེད་ལ། སྤྱིར་མང་གཙོའི་འཕེལ་རིམ་ཙམ་གྱི་ཐོག་ནས་བཤད་ན་དུས་ཡུན་རིང་པོ་ཞིག་མིན་ནའང་། བཙན་བྱོལ་བའི་སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ན་མི་ལོ་༦༡ ནི་ཐུང་ངུ་ཞིག་ཀྱང་གཏན་ནས་མ་རེད། ད་བར་བཙན་བྱོལ་བོད་མིའི་མང་གཙོ་ཡར་རྒྱས་དང་མདུན་བསྐྱོད་ཅི་ཙམ་བྱུང་ཡང་། ཚང་མ་༧གོང་ས་མཆོག་གིས་ལམ་སྟོན་དང་སྐུལ་འདེད་གནང་བ་ཁོ་ན་ལས། མི་མང་གིས་རེ་འདོད་དང་རྩོད་ལེན་བྱས་ནས་བྱུང་བ་ཞིག་གཏན་ནས་མིན་པས། མི་ཚང་མའི་ཁ་རྒྱུན་དུ་༧གོང་ས་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོ་ཞེས་ཡོངས་གྲགས་ཆགས་ཡོད།

ལམ་སྲོལ་རང་ངོས་ནས་མང་གཙོ་ཡང་སྐྱོན་ཆ་གཏན་ནས་མེད་པ་ཞིག་མིན་ནའང་། འཛམ་བུའི་གླིང་དུ་ཆབ་སྲིད་ཀྱི་ལམ་སྲོལ་སྣ་ཚོགས་ཤིག་དར་མྱོང་བའི་ནང་ནས་མང་གཙོ་ལེགས་ཤོས་སུ་བརྩི་བཞིན་ཡོད་པ་རེད། བཙན་བྱོལ་བོད་པ་ལ་མཚོན་ན་༧གོང་ས་མཆོག་གིས་དབུ་འཁྲིད་མཛད་པའི་སྐབས་སུ་མང་གཙོའི་ལམ་སྲོལ་བཞིན་སྤྱི་འཐུས་འོས་འདེམས་དང་། ཕྱི་ལོ་༢༠༠༡ ལོ་ནས་བཟུང་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཡོད་ནའང་། མི་མང་གི་ངོས་ནས་སེམས་ནང་དུ་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ནི་༧གོང་ས་མཆོག་ཁོ་ན་ཡིན་པ་ལས། འོས་འདེམས་བྱས་པའི་འགོ་ཁྲིད་སུ་སླེབས་ཀྱང་༧གོང་ས་མཆོག་གི་ཚད་གཞི་ལྟ་བུར་ངོས་འཛིན་བྱེད་མཁན་ཞིག་ད་བར་གཏན་ནས་བྱུང་མྱོང་མེད་ཅེས་བརྗོད་ཆོག དེ་ནི་མི་ཚེ་མི་རབས་ནས་བརྒྱུད་པའི་དད་འདུན་དང་འབྲེལ་བ་ཡོད་ལ། བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་དཀའ་སྡུག་སྣ་ཚོགས་མྱངས་པའི་སྐབས་༧གོང་ས་མཆོག་གིས་སྐུ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་དམིགས་བསལ་བྱམས་སྐྱོང་མཛད་པ་དང་ཡང་འབྲེལ་བ་ཆེན་པོ་ཡོད།

༧གོང་ས་མཆོག་ཞལ་བཞུགས་སྐབས་མང་གཙོའི་ལམ་སྲོལ་འདི་ཉིད་ལ་སྦྱོང་བརྡར་མཐིལ་ཕྱིན་པ་ཞིག་བྱེད་ཐུབ་ན། མ་འོངས་པར་མང་གཙོའི་ལམ་སྲོལ་ཁོ་ནར་བརྟེན་ནས་བོད་མིའི་སྒྲིག་འཛུགས་གནས་དགོས་པའི་དུས་ཚོད་ཅིག་འཆར་སྐབས་ཕན་ཐོགས་ཆེན་པོ་ཡོད་ལ། བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་ལ་འགྱུར་བ་མང་པོ་བཏང་རིམ་བཞིན་མདུན་བསྐྱོད་ཀྱི་རྣམ་པ་ལྟ་བུ་ལས་རྒྱབ་བཤིགས་བརྒྱབ་པ་ཞིག་བྱུང་མེད། འདི་དག་ཚང་མ་གོང་དུ་བརྗོད་པ་བཞིན་༧གོང་ས་མཆོག་གི་བཀའ་དྲིན་ཁོ་ན་ཡིན་པ་ལས། འདིའི་ནང་དུ་བཙན་བྱོལ་བོད་མི་གཞན་སུ་གཅིག་གི་བྱས་རྗེས་ཚུད་མེད་ཅེས་བརྗོད་ཀྱང་ཐལ་ཆ་ཆེར་མེད། མ་འོངས་པར་བཙན་བྱོལ་བོད་མིའི་མང་གཙོ་འདི་ཉིད་གནས་དང་མི་གནས་ཀྱི་གནད་དོན་ཡང་། སྔོན་མ་༧གོང་ས་མཆོག་གིས་གྲོས་ཚོགས་ནང་གསུང་འཕྲིན་བསྩལ་མྱོང་བ་བཞིན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། ཞེས་རྟོན་བཞིའི་འཇུག་ལྡོག་མ་ནོར་བ་ཞིག་ཡོང་དགོས་པ་ཁོ་ན་རེད།

ད་ལྟའི་ཆར་འདས་པའི་མི་ལོ་༦༡ རིང་གཏན་ནས་བྱུང་མ་མྱོང་བའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་དང་། མང་གཙོའི་ཀ་བ་གསུམ་ལ་ཁྲིམས་མཐུན་གྱི་གནས་བབས་མེད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱང་སྦོ་ལུག་ནས་གནད་དོན་མང་པོ་ཞིག་ལག་བསྟར་བྱེད་ཐབས་མེད་པར་གྱུར་ཟིན་པ་རེད། གནད་དོན་འདི་དག་གི་འབྱུང་རྐྱེན་གཙོ་བོ་ཡང་གོང་དུ་བརྗོད་པ་བཞིན་རྟོན་བཞིའི་འཇུག་ལྡོག་ལག་ལེན་ཚུལ་བཞིན་མ་བྱུང་བ་ལ་བརྟེན་ནས་བྱུང་ཡོད་ཅིང་། མང་གཙོའི་ཀ་བ་གསུམ་ཕན་ཚུན་གྱི་བར་དུའང་གང་ཟག་སྒེར་སྣང་བར་འགྲོ་མིན་ཙམ་ལས། ཁྲིམས་སྒྲིག་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་བསམ་བློ་གཏན་ནས་མ་བཏང་བར་བརྟེན་རྩོད་རྙོག་མང་པོ་ཞིག་ལྷགས་པ་དང་། ད་ལྟའི་རྩོད་རྙོག་འདི་ཐག་གཅོད་མི་ཐུབ་པའང་ཁྲིམས་ཀྱི་གནད་དོན་ལ་ཐུག་པ་ཙམ་མ་ཡིན་པར་ནང་ཁུལ་གྱི་སྲིད་དོན་དང་གང་ཟག་ཕན་ཚུན་སྣང་བར་འགྲོ་མིན་ཁོ་ན་ལ་བརྟེན་ནས་བྱུང་ཡོད། ལས་ཀྱི་སྣེ་མོ་བ་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་དང་བཅས་པའི་གནད་དོན་ལས་གང་ཟག་རྩ་ཆེར་འཛིན་བཞིན་པས་དཀའ་རྙོག་འདི་སེལ་མི་ཐུབ་པ་རེད།

མདོར་ན་ལྟ་ཚུལ་འདི་ཉིད་ཆབ་སྲིད་ཀྱི་ཆ་ནས་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་དང་། སྤྱི་འཐུས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་བཅས་ཚང་མས་གནད་དོན་ཐག་གཅོད་བྱེད་པའི་ཁ་ཕྱོགས་ནི། གང་ཟག་སྒེར་སྣང་བར་འགྲོ་མིན་ལ་བརྟེན་ནས་ཡོང་གི་ཡོད་པ་ལས། གནད་དོན་དངོས་ལ་བརྟེན་ནས་ཐག་གཅོད་བྱེད་མཁན་ནི་ཧ་ཅང་དཀོན་པོར་གྱུར་ཡོད། ད་དུང་༧གོང་ས་མཆོག་གི་སྐུ་བཅར་བ་རྣམ་པའི་ནང་དུའང་ཕལ་ཆེ་བ་ལྟ་ཚུལ་འདིའི་ཁྱབ་ཁོངས་ལས་བརྒལ་ཐུབ་མེད་སྟབས། བཙན་བྱོལ་བོད་མིའི་མང་གཙོ་དེ་༧གོང་ས་མཆོག་གི་དགོངས་གཞི་བཞིན་ཚད་ལྡན་ཚུལ་མཐུན་ཅན་དུ་འགྱུར་དཀའ་བ་ཞིག་རེད། ཕན་ཚུན་ལྟ་ཚུལ་མི་མཐུན་པ་མང་པོ་ཡོད་ངེས་པ་ཞིག་ཡིན་ཡང་། ཡིད་ཆེས་གཏན་ནས་མེད་པ་ཞིག་ཏུ་གྱུར་ཟིན་པའི་སྐབས་སུ་གོམ་པ་མདུན་སྤོ་བྱེད་ཐབས་ཧ་ལམ་མེད། གྲོས་བསྡུར་དང་བསམ་ཤེས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པར་ཡིད་ཆེས་བྱེད་མཁན་ཡོད་ཀྱང་། ནང་ཁུལ་དུ་དེ་ལྟ་བུའི་ཡིད་ཆེས་སླེབས་མི་ཐུབ་པ་ནི་རྒྱུ་མཚན་རྙེད་དཀའ་བའི་གནད་དོན་ཞིག་ཏུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *