མི་ལོ་སུམ་ཅུའི་ཆབ་སྲིད་ཀྱི་འགྱུར་ལྡོག

ཁ་སང་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༡༩༩༩ ཟླ་༡༢ ཚེས་༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་༣༠ འཁོར་བ་རེད། ཉིན་མོ་འདི་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་ཙམ་མ་ཡིན་པར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༨༡ ཕྱི་ལོ་ ༢༠༡༩/༡༢ /༡༡  

ཁ་སང་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༡༩༨༩ ཟླ་༡༢ ཚེས་༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་༣༠ འཁོར་བ་རེད། ཉིན་མོ་འདི་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་ཙམ་མ་ཡིན་པར། མཉམ་འབྲེལ་རྒྱལ་ཚོགས་ནས་གཏན་འབེབས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་རེད། ༧གོང་ས་མཆོག་ནི་བོད་ཀྱི་གནས་སྟངས་ཛ་དྲག་པའི་སྐབས་སུ་སེམས་ཀྱི་རྟེན་ས་ཉག་གཅིག་དེ་ཡིན་པས། ཁོང་ལ་རྒྱལ་སྤྱིའི་ཐོག་ནས་ཆེ་མཐོང་དང་གཟེངས་རྟགས་ཕུལ་བ་དེ། ༧གོང་ས་མཆོག་བརྒྱུད་རྒྱལ་སྤྱིའི་སྟེང་ནས་བོད་དོན་ལ་ངོས་འཛིན་བྱས་པ་ཞིག་ཏུ་གྱུར་ཡོད། རྒྱ་དམར་གཞུང་གི་གདུག་རྩུབ་གཉའ་ནོན་འོག་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་འདས་པའི་མི་ལོ་ལྔ་བཅུའི་གནས་སྟངས་དང་བསྡུར་ན། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙིགས་མཐོང་ཅུང་ཆུང་དུ་འགྲོ་བཞིན་ཡོད་པས། བོད་པ་ལ་མཚོན་ན་ཉིན་མོ་འདི་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད། 

ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་ནས་བོད་ཀྱི་གནད་དོན་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་དང་འགྱུར་བ་ཆེན་པོ་ཞིག་སོང་ཡོད་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་དང་། དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་འགྱུར་བ་ཆེན་པོ་ཞིག་དུས་དེ་ནས་འགྲོ་མགོ་ཚུགས་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་ནུབ་ཕྱོགས་ཀྱི་རྒྱབ་སྐྱོར་གསར་པ་ཞིག་ཐོབ་ཡོད་ལ། བོད་པ་མང་པོ་ཞིག་ནུབ་ཕྱོགས་སུ་འགྲོ་བསྐྱོད་བྱ་རྒྱུའི་གོ་སྐབས་དང་ཁོར་ཡུག རེ་བ་དང་རྨི་ལམ་སོགས་ཀྱང་དུས་འདི་ནས་ཡུན་རིང་མ་འགོར་བར་རྒྱ་བལ་གཉིས་ནས་བོད་མི་ཆིག་སྟོང་ཙམ་ཨ་རིར་གཞིས་ཆགས་སུ་བཏང་བ་ནས་མགོ་བཙུགས་པ་ཞིག་ཏུ་གྱུར་ཡོད། ད་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་རྒྱ་བལ་འབྲུག་གསུམ་གྱི་མི་འབོར་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་འབོར་གཉིས་གཅིག་མཚུངས་ཆགས་ཟིན་ཅིང་། དེ་ལ་བརྟེན་ནས་རྩ་དོན་འཐབ་རྩོད་དང་བོད་དོན་ཆབ་སྲིད་ཀྱི་ཐོག་ལ་འགྱུར་བ་ག་རེ་སོང་ཡོད་མེད་ཀྱང་བསམ་བློ་གཏོང་དགོས་པ་དང་འཆར་གཞི་འཐེན་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། 

བོད་ནང་གི་བོད་མིའི་ཆབ་སྲིད་ཀྱི་མངོན་འདོད་ལ་བཙན་བྱོལ་ནང་ངོས་འཛིན་བྱེད་སྟངས་དང་འགྲེལ་བརྗོད་བྱེད་སྟངས་ལའང་འགྱུར་བ་ཧ་ཅང་ཆེན་པོ་སོང་ཡོད། དཔེར་ན་ཕྱི་ལོ་༡༩༩༠ ལོར་༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་བོད་ནང་གི་བོད་མི་ཚོའི་ཆབ་སྲིད་ཀྱི་མངོན་འདོད་སྐོར་གསུངས་དོན། “བོད་མི་མང་ཆེ་བ་བོད་ནང་ཡོད་པས་ཁོང་ཚོའི་རེ་འདོད་ངོ་མ་ཇི་ཡོད་ངོས་འཛིན་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཞིང༌། ཁོང་ཚོ་ཕལ་ཆེ་བར་བོད་རང་བཙན་གཙང་མའི་རེ་འདོད་ཤུགས་ཆེ་ཡོད། གལ་ཏེ་འདི་སྐོར་རྒྱ་མིར་བློ་དོགས་ཡོད་ན་རྒྱལ་སྤྱིའི་ལྟ་རྟོག་འོག་བོད་མིའི་རེ་འདོད་ཇི་ཡོད་འོས་ཤོག་བསྡུ་ལེན་བྱེད་དུ་འཇུག་དགོས།”ཞེས་གསུངས་ཡོད་པ་དང་། དེ་ནས་བརྩིས་པའི་མི་ལོ་༣༠ ལ་ཉེ་བའི་རིང་བོད་ནང་གི་གནས་སྟངས་ལའང་འགྱུར་བ་ཆེན་པོ་སོང་ཡོད་པ་མ་ཟད། མི་ཐོག་ཀྱང་གསར་རྙིང་བརྗེས་ཟིན། ད་ལྟའི་ཆར་བཙན་བྱོལ་ནང་གི་ཆབ་སྲིད་པ་མང་པོས་སྐབས་དེ་དུས་༧གོང་ས་མཆོག་གི་གསུངས་པ་དེ་དང་མི་མཐུན་པར་བོད་ནང་དུ་དབུ་མའི་ལམ་ཁོ་ནར་འདོད་མོས་ཆེ་བ་ཡོད་པའི་འགྲེལ་བཤད་གནང་གི་ཡོད། 

འགྲེལ་བརྗོད་གནང་བ་དེ་ཡང་དངོས་ཡོད་གནས་ཚུལ་གྱི་གཞི་འཛིན་ས་ཡོད་པ་ཞིག་མ་ཡིན་པར། གོང་དུ་དྲངས་པའི་༧གོང་ས་མཆོག་གི་བཀའ་སློབ་ནང་། “གལ་ཏེ་འདི་སྐོར་རྒྱ་མིར་བློ་དོགས་ཡོད་ན་རྒྱལ་སྤྱིའི་ལྟ་རྟོག་འོག་བོད་མིའི་རེ་འདོད་ཇི་ཡོད་འོས་ཤོག་བསྡུ་ལེན་བྱེད་དུ་འཇུག་དགོས།”ཞེས་གསུངས་པ་བཞིན། ད་བར་རྒྱལ་སྤྱིའི་རྟོག་ཞིབ་ཀྱི་འོག་ནས་མང་མོས་འོས་བསྡུ་བྱ་རྒྱུའི་གོ་སྐབས་བྱུང་མེད་པས། ཁྲིམས་མཐུན་དང་རྒྱལ་སྤྱིའི་སྟེང་ནས་ངོས་འཛིན་ཐུབ་པའི་རྒྱུ་མཚན་ཁ་གསལ་ཞིག་མེད་པ་དེ་ལ་ཐུག་ཡོད། འོན་ཀྱང་བཙན་བྱོལ་ནང་འགྲེལ་བརྗོད་བྱེད་སྟངས་ལ་འགྱུར་བ་སོང་བ་དེ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་བསམ་བློ་ལ་འགྱུར་བ་སོང་བ་དེ་མཚོན་ལ། སྔོན་དང་མི་འདྲ་བར་ད་ལྟ་རྒྱ་དམར་གྱི་དར་ཆ་ཕྱར་ནས་སོང་ཡང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་རྒྱུ་མཚན་དང་གནས་ལུགས་ཡོད་པར་མཐོང་མཁན་ཡང་མང་དུ་འགྲོ་གི་ཡོད། ༧གོང་ས་མཆོག་གི་དགོངས་གཞིའི་འོག་ཤར་བསྐྱོད་བྱེད་མཁན་ཡིན་ཟེར་མཁན་ཕལ་མོ་ཆེ་གནས་སྐབས་ཀྱི་ཁེ་ཕན་ཆུང་ཙག་གི་ཆེད་ཙམ་ལས། ཤར་བསྐྱོད་མ་ཡིན་པར་ནུབ་ཕྱོགས་སུ་རྐང་པ་ཡ་གཅིག་འཇོག་བཞིན་པའི་གནས་སྟངས་འདིའི་ཐོག་ནས་བཙན་བྱོལ་ནང་འགྱུར་བ་ཞིག་འགྲོ་བཞིན་པ་མཐོང་ཐུབ། 

མདོར་ན་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་རྒྱལ་སྤྱིས་རྒྱབ་སྐྱོར་དང་ངོས་འཛིན་ཆེན་པོ་ཐོབ་ཡོད་ཀྱང་། བཙན་བྱོལ་བོད་མིས་དེའི་གོ་སྐབས་དེ་སྒེར་སོ་སོའི་ཟས་གོས་གནས་མལ་ཙམ་གྱི་ཆེད་དུ་བེད་སྤྱོད་བཏང་ཡོད་ཅེས་བརྗོད་ན་ཐལ་ཆེ་སྲིད་ཀྱང་། གནས་ཚུལ་དེ་ལ་གཞི་རྩ་མེད་པ་ཞིག་གཏན་ནས་མིན། ད་ལྟའི་དུས་འདིར་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་དང་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་སྐབས་ཡིན་ནའང་། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚང་མ་བཙན་བྱོལ་ནང་གི་སྒེར་ནད་སྤྱི་སྤུངས་ཀྱི་རྩོད་རྙོག་དག་ལ་མགོ་འཁོར་ནས། རྒྱལ་སྤྱིའི་སྟེང་གི་གོ་སྐབས་དག་ལེན་ཐུབ་ཀྱི་མེད། སྒྲིག་འཛུགས་ཀྱིས་གོ་སྐབས་དེ་དམ་འཛིན་བྱེད་རྒྱུའི་འཆར་གཞི་དང་ལས་རིམ་ལའང་བོད་པ་རང་ངོས་ནས་རྐང་པ་འཐེན་གང་ཐུབ་བྱེད་བཞིན་པའི་དུས་ཚོད་ཅིག་ཡིན་སྟབས། འདས་པའི་མི་ལོ་༣༠ རིང་ཟས་གོས་གནས་མལ་གྱི་ཐོག་ལ་བོད་ཕྱི་ནང་གཉིས་སུ་འགྱུར་བ་སོང་བ་ལས། བོད་དོན་ཆབ་སྲིད་ཀྱི་ཐོག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏན་ནས་སོང་མེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།