མི་སྐྱ་ཚོས་འཇོན་ས་མ་རེད།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༣ གྱི་ཆེད་བརྗོད།)

བཙན་བྱོལ་བོད་མི་མང་ཆེ་བས་ཁ་ནས་བོད་ཀྱི་རིག་གཞུང་རྒྱུད་འཛིན་དགོས་ཞེས་མ་ཎི་འདོན་འདོན་བྱེད་བཞིན་ཡོད་ཀྱང་། དོན་དུ་མི་སྐྱ་ཕལ་ཆེ་བས་རང་གི་ཟས་གོས་གནས་མལ་ཙམ་ལས། གཞན་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཐུབ་པའི་རེ་བ་མེད་པ་ཕྱོགས་གང་ནས་བལྟས་ཀྱང་གསལ་པོ་ཆགས་ཡོང་གི་འདུག ༧གོང་ས་མཆོག་གིས་ནང་དོན་རིག་པའང་མི་སྐྱ་རྣམས་ཀྱིས་ཤེས་ཐུབ་པ་ཞིག་ཡོང་རྒྱུའི་ཐུགས་རེ་ཡོད་ཀྱང་། ནང་དོན་རིག་པ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པས་ལོ་ཁ་ཤས་ལ་ལས་ཞོར་ཙམ་དུ་ཤེས་ཐུབ་པ་ཞིག་མིན་པས་ད་ལྟའི་ཆར་གྲུབ་འབྲས་ཆེན་པོ་ཐོན་ཐུབ་མེད། ལོ་ཁ་ཤས་ལ་སྦྱངས་པ་ཙམ་གྱིས་ཀྱང་ཤེས་ཐུབ་ཅིང་རང་ཉིད་ཀྱི་ཟས་གོས་གནས་མལ་ལའང་ཕན་ཐོགས་ཆེན་པོ་ཡོད་པ། དཔེར་ན་ལྷ་བྲིས་དང་སྨན་པ་ལྟ་བུ་ཡོད་ཀྱང་། བཙན་བྱོལ་ནང་སྔོན་དང་མི་འདྲ་བར་ད་ལྟའི་ཆར་སྦྱོང་མཁན་ཉུང་དུ་འགྲོ་བཞིན་འདུག བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་རྒྱུད་འཛིན་བྱེད་མ་ཐུབ་པ་ཡིན་ན། དོན་དངོས་སུ་བོད་དང་བོད་མིའི་མ་འོངས་པའི་མདུན་ལམ་ཧ་ཅང་དོག་ཏུ་ཕྱིན་པ་རེད།

བོད་ཀྱི་རིག་གནས་ཞེས་པ་སྔོན་བྱོན་མཁས་པ་དག་གིས་བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་བཅས་ལ་རིག་གནས་ཆེ་བ་ལྔ་དང་། སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་ལ་རིག་གནས་ཆུང་བ་ལྔ་ཞེས་བཅུ་ཕྲག་རིག་གནས་ཀྱི་ཁོངས་སུ་མ་འདུས་པའི་རིག་གནས་ཤིག་མེད་ཚུལ་རྗོད་བཞིན་ཡོད། དོན་དུ་དེང་དུས་དར་བཞིན་པའི་རིག་གནས་ཚང་མ་རིག་གནས་བཅུའི་ནང་འདུ་ཐུབ་མིན་བཤད་དཀའ་ཡང་། བོད་ལ་མཚོན་ན་སྔོན་ནས་ཡོད་པའི་རིག་གནས་ཆེ་ཆུང་བཅུ་རྒྱུད་འཛིན་དར་སྤེལ་ངེས་པར་དུ་ཐུབ་དགོས། དེ་ཡང་རྒྱུད་འཛིན་མ་ཐུབ་པར་བོད་ཀྱི་རིག་གནས་ཞེས་ཁ་ནས་ཅི་ཙམ་བཤད་ཀྱང་དོན་དུ་སྟོང་པ་རེད། ད་ལྟའི་ཆར་བཙན་བྱོལ་བོད་པའི་མི་སྐྱའི་སྤྱི་ཚོགས་ནང་བཅུ་ཕྲག་རིག་གནས་རྒྱུད་འཛིན་བྱེད་ཐུབ་པའི་ཁོར་ཡུག་ཅིག་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོང་གི་ཡོད་པས། མ་འོངས་པར་རིས་མེད་ཆོས་སྡེ་ཁག་གིས་ཤུགས་རྒྱག་མ་ཐུབ་ན་བོད་ཀྱི་རིག་གནས་རྩ་བརླག་ཏུ་འགྱུར་རྒྱུའི་ཉེན་ཁ་འདུག

རིག་གནས་ཆེ་བ་ལྔའི་ནང་ནས་ད་ལྟའི་ཆར་བཟོ་རིག་པ་ལ་བཤད་ན་གོས་བཟོ་བ་ཙམ་ལས། གཞན་གསེར་དངུལ་ཟངས་ལྕགས་ཀྱི་ཐོག་ནས་བཟོ་ཡི་རིག་གནས་ལ་མཁས་པ་ཧ་ལམ་མེད་པ་ལྟ་བུ་ཡོད་ལ། ལྷ་བྲིས་ལ་མཁས་པའི་མི་སྐྱ་ད་ལྟའི་ཆར་གང་འཚམ་ཞིག་ཡོད་ནའང་། མ་འོངས་པར་རྒྱུད་འཛིན་བྱེད་ཐུབ་ངེས་ཀྱི་སློབ་ཕྲུག་ཚད་ལྡན་ཞིག་མི་རག་པའི་ཉེན་ཁ་ལ་ཐུག་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སློབ་གྲྭ་ཁག་ཏུ་འཛིན་གྲྭ་བརྒྱད་པ་དང་། བཅུ་པ་སོགས་ཀྱི་རྒྱུགས་མ་འཕྲོད་པ་དང་། ཡང་ན་རྐང་ལག་ཐང་ཐང་དེ་ཙམ་མེད་པའི་རིགས་ཙམ་ལས་ལྷ་བྲིས་སྦྱོང་མཁན་མེད་ལ། མ་འོངས་པར་དེ་བས་ཀྱང་ཉེན་ཁའི་གནས་སུ་གྱར་ཡོད། སྔོན་མ་བཙན་བྱོལ་ནང་གསོ་བ་རིག་པར་མདུན་ལམ་རྒྱ་མི་ཆུང་ཙམ་ཡོད་ནའང་། ཉེ་བའི་ལོ་ཤས་སྔོན་ནས་སྨན་རྩིས་ཁང་གི་གནས་སྟངས་དང་། གསོ་བ་རིག་པར་སྦྱོང་མཁན་ལ་ལས་ཀ་མི་རག་པའི་དཀའ་ངལ་ཡང་ཡོད་པས། མ་འོངས་པར་གསོ་བ་རིག་པའི་སྐོར་ལའང་མི་སྐྱའི་ནང་གྲུབ་འབྲས་ཞན་དུ་འགྲོ་རྒྱུའི་སྔོན་རྟགས་སླེབས་ཡོད།

སྒྲ་རིག་པ་ལ་བཤད་ན་རྒྱ་ཆེ་ས་ནས་ལེགས་སྦྱར་གྱི་སྒྲ་གཞུང་ཀ་ཙན་དབྱངས་གསུམ་ལ་མཁས་དགོས་ཀྱང་ད་ལྟའི་ཆར་དོ་སྣང་བྱེད་མཁན་མེད། འོན་ཀྱང་བོད་རང་གི་བརྡ་སྤྲོད་རིག་གནས་ཀྱི་ཐོག་ལ་ཆེད་མཁས་མི་སྣ་མི་སྐྱའི་ནང་ད་ལྟའི་ཆར་ཧ་ཅང་དཀོན་པ་དང་། ཡོད་པ་རྣམས་ཀྱང་ཕལ་ཆེ་བ་གྲྭ་ལོག་འབའ་ཞིག་རེད་ཅེས་བརྗོད་ནའང་ཧ་ཅང་ཐལ་ཆ་ཆེན་པོ་མེད་པ་ལྟ་བུར་གྱུར་ཡོད། བཙན་བྱོལ་བོད་པའི་དགོན་སྡེ་ཁག་ཏུའང་གཏན་ཚིགས་རིག་པ་དང་། ནང་དོན་རིག་པ་རྒྱུད་འཛིན་དར་སྤེལ་གྱི་ཐོག་ནས་གྲུབ་འབྲས་ཆེན་པོ་ཐོན་ཡོད་ནའང་། བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ་བཅས་ལ་དེ་ཙམ་དོ་སྣང་མ་ཐུབ་པ་དེའང་དོན་དངོས་རེད། དེར་བརྟེན་མི་སྐྱའི་ནང་རེ་བ་མེད་པ་ལྟ་བུར་གྱུར་ཟིན་པ་དང་། སེར་མོ་བའི་ཕྱོགས་ནས་ཀྱང་འཐུས་ཤོར་དུ་སོང་ན་བཙན་བྱོལ་ནང་བོད་ཀྱི་བཅུ་ཕྲག་རིག་གནས་རྒྱུད་འཛིན་བྱེད་མཁན་གཏན་ནས་མེད་པར་འགྱུར་རྒྱུ་ལས་ལྷག་མེད་པས་མ་འོངས་པར་དགོན་སྡེ་ཁག་གིས་འདིའི་ཐོག་ལ་ཐུཌ་སྣང་ངེས་པར་དུ་གནང་དགོས་པ་ཞིག་ཏུ་གྱུར་ཡོད།

མདོར་ན་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་ད་བར་རྒྱུད་འཛིན་དར་སྤེལ་བྱེད་མཁན་ཆོས་ཕྱོགས་ཀྱི་མི་སྣ་རེད་ལ། མ་འོངས་པར་ཡང་ཆོས་ཕྱོགས་མི་སྣ་ལ་རེ་བ་རྒྱག་རྒྱུ་ཙམ་ལས་ལྷག་མེད་པས་དགོན་སྡེ་ཁག་གི་ལས་སྣེ་བ་རྣམ་པས་བསྐྱར་དུ་དགོངས་བཞེས་དང་གྲ་སྒྲིག་འཐུས་ཚང་ཞིག་གནང་རན་འདུག གོང་དུ་བརྗོད་པ་བཞིན་དེང་དུས་ཀྱི་རིག་གནས་ཚང་མ་རིག་གནས་བཅུའི་ནང་དུ་འདུས་ཡོད་མེད་གང་ལྟར་ཡང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཚང་མ་རིག་གནས་བཅུའི་ནང་མ་འདུས་པ་ཞིག་མེད་པས། རིག་གནས་བཅུ་རྩ་བརླག་ཏུ་གྱུར་སོང་ན་བོད་མི་རིགས་ཀྱང་རྩ་བརླག་ཏུ་གྱུར་སོང་བ་དང་གཅིག་མཚུངས་སུ་གྱུར་ཡོད། ད་ལྟའི་གནས་སྟངས་ལ་བལྟས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མི་སྐྱ་རྣམས་ལ་རེ་བ་དེ་ཙམ་མེད་ནའང་། དགོན་སྡེ་ཁག་གིས་འདིའི་སྐོར་ལ་དོ་སྣང་དང་ཐུགས་ཁུར་ཆེན་པོ་ཞིག་གནང་ཐུབ་ན་བོད་ཀྱི་རིག་གནས་རྒྱུད་འཛིན་ཐུབ་པའི་རེ་བ་ཡོད་པ་ལས། བོད་ཀྱི་རིག་གནས་བརླག་པའི་ཉིན་མོ་ནས་བོད་ཀྱི་འདུ་ཤེས་ཀྱང་རྩ་བརླག་ཏུ་གྱུར་སོང་བ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།