མིག་བཙུམ་ཆབ་སྲིད་ཀྱི་འཁྲབ་སྟོན།

ཆབ་སྲིད་འགོ་ཁྲིད་ཀྱི་གཞུང་འབྲེལ་བཀའ་མོལ་དང་། མི་མང་དཀྱུས་མའི་ཇ་ཁང་ཆང་ཁང་དུ་ཅི་འཕྲོས་མོལ་འཕྲོས་བཤད་པ་གཉིས་ལ་དབྱེ་བ་དང་ཁྱད་པར་ས་མཚམས་བཅས་ངེས་པར་དུ་ཡོད་དགོས་པ་ཞིག་རེད། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དེ་ཡོངས་ཁྱབ་ཀྱི་ཐོག་ནས་ཁས་ལེན་གནང་འདུག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༩༢   ཕྱི་ལོ་ ༢༠༢༢/༤ /༢༧

ཆབ་སྲིད་འགོ་ཁྲིད་ཀྱི་གཞུང་འབྲེལ་བཀའ་མོལ་དང་། མི་མང་དཀྱུས་མའི་ཇ་ཁང་ཆང་ཁང་དུ་ཅི་འཕྲོས་མོལ་འཕྲོས་བཤད་པ་གཉིས་ལ་དབྱེ་བ་དང་ཁྱད་པར་ས་མཚམས་བཅས་ངེས་པར་དུ་ཡོད་དགོས་པ་ཞིག་རེད། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དེ་ཡོངས་ཁྱབ་ཀྱི་ཐོག་ནས་ཁས་ལེན་གནང་འདུག བོད་ས་ཡོངས་རྫོགས་རྒྱ་དམར་གཞུང་གིས་བཙན་གནོན་འོག་བཅུག་པ་ཞིག་ལས། བོད་པ་རང་ངོས་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱས་པ་ཞིག་གཏན་ནས་མ་རེད། ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཞག་ཀྱང་། དེ་ནི་བཙན་དབང་དང་མེ་མདའི་འོག་ནས་བཞག་པ་ཞིག་རེད་ཅེས་༧གོང་ས་མཆོག་རྒྱ་གར་གྱི་ས་གནས་ཨ་སམ་ཏེ་ཛ་པུར་དུ་ཕེབས་འབྱོར་བྱུང་ནས། ཕྱི་ལོ་༡༩༥༩  ཕྱི་ཟླ་༤ ཚེས་༡༨ ཉིན་གྲོས་མཐུན་དོན་ཚན་༡༧ རྩིས་མེད་བཏང་བ་ཡིན་ཞེས་གསལ་བསྒྲགས་བསྐྱངས་པ་བཞིན། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་དང་བོད་ས་ཡོངས་རྫོགས་བཙན་གནོན་གྱི་འོག་ཏུ་བཅུག་བཞག་པ་ཞིག་རེད།

ཆབ་སྲིད་ཀྱི་རྩོད་རྙོག་ནང་སྤྱི་དོན་ལ་གནོད་སྐྱོན་ཆེ་བའི་ལངས་ཕྱོགས་དང་། ཡ་ཡུད་ཆེ་བའི་སྐད་ཆ་འདི་རིགས་འགོ་ཁྲིད་ཚོའི་ཁ་ནས་དུས་ནམ་ཡང་ཐོན་མི་རུང་བ་ཞིག་རེད། འོན་ཀྱང་ད་ཆ་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཤོག་ཁག་རང་བཞིན་ཅན་དུ་གྱུར་ཟིན་རྗེས་ཆབ་སྲིད་མི་སྣ་སུ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་ཡིན་ཡང་། མི་དེ་ལ་སྐྱོན་ཡོད་པ་ཤེས་ཀྱང་ཕལ་ཆེ་བས་ཡོན་ཏན་ཁོ་ན་རུ་སྒྲོག་པ་དང་། དེའི་ལྡོག་ཕྱོགས་ནས་ཡོན་ཏན་གྱི་ཆ་ཞིག་ཡིན་ཡང་དེ་ནོར་འཁྲུལ་ཁོ་ན་ཡིན་ཚུལ་སྒྲོག་པའི་བཅད་མཚམས་འདི་ལས་བརྒལ་ཐུབ་ཀྱི་མེད། དེར་བརྟེན་ཆབ་སྲིད་ཀྱི་འགོ་ཁྲིད་ཚོས་ཀྱང་ལངས་ཕྱོགས་འདི་དང་སྐད་ཆ་འདི་ལྟ་བུ་ཞིག་བཤད་ཀྱང་། རང་ཉིད་ཀྱི་ཕྱོགས་གཏོགས་པ་ཚོས་མིག་བཙུམ་ནས་རྒྱབ་སྐྱོར་བྱེད་ངེས་ཡིན་པའི་རྒྱུ་མཚན་ལ་བརྟེན་གནས་ཚུལ་འདི་དག་ཡོང་གི་ཡོད། དོན་དངོས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཆོལ་ཁ་གསུམ་རྒྱ་ནག་གི་ཆ་ཤས་སུ་ཁས་བླངས་ན། རྒྱ་གཞུང་གིས་བཤད་པ་བཞིན་བོད་དོན་འཐབ་རྩོད་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཙམ་དུ་གྱུར་པ་རེད།

ཐག་རིང་པོ་ནས་བཤད་མི་དགོས་པར་ང་ཚོའི་མིག་མདུན་དུ་ཡོད་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རྩོད་རྙོག་ནང་གི་གནད་དོན་ཁག་ཅིག་དཔེ་མཚོན་དུ་བཀོད་ནས་བཤད་ན། ཐའེ་ཝན་དེ་དུས་ཡུན་རིང་པོ་ནས་རྒྱ་ནག་གི་དབང་བསྒྱུར་འོག་མེད་པ་མ་ཟད། ཕྱི་སྲིད་དང་ནང་སྲིད། རྒྱལ་སྲུང་སོགས་གང་ཐད་ནས་རང་བཙན་ཆ་ཚང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ནའང་། རྒྱ་དམར་གཞུང་གིས་ད་བར་མུ་མཐུད་རྒྱ་ནག་གི་ཆ་ཤས་ཡིན་པའི་ལངས་ཕྱོགས་དེ་བརྟན་སྲུང་བྱས་ཡོད་པ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཐའེ་ཝན་སོགས་རྒྱ་ནག་གི་ཆ་ཤས་ཡིན་པ་གསལ་འདོན་ཆེད་“རྒྱ་ནག་གཅིག་”ཅེས་པའི་ལངས་ཕྱོགས་དེ་འཛིན་དགོས་པའི་དགོས་འདུན་བཏོན་དང་འདོན་བཞིན་ཡོད། རྒྱ་གར་ལ་རང་བཙན་ཐོབ་པ་ནས་ཀ་ཤི་སྨིར་དེ་རྒྱ་གར་གྱི་ཆ་ཤས་སུ་ཡོད་ཀྱང་། པ་ཀི་སི་ཐན་གྱིས་ཀ་ཤི་སྨིར་རང་ཉིད་ཀྱི་མངའ་ཁོངས་ཡིན་པའི་ལངས་ཕྱོགས་ལ་འགྱུར་བ་བཏང་མེད་ཅིང་། དེ་ལ་བརྟེན་ནས་མི་རིགས་དང་རིག་གཞུང་སྐད་ཡིག་བཅས་གཅིག་པ་ལྟ་བུའི་རྒྱ་གར་དང་། པ་ཀི་སི་ཐན་གཉིས་ད་ལྟའི་ཆར་དགྲ་ཟླ་ཆེ་ཤོས་སུ་གྱུར་པ་རེད།

རྒྱལ་སྤྱིའི་ཁྱོན་ཡོངས་སུ་འདི་ལྟ་བུའི་དཔེ་མཚོན་བགྲང་གིས་མི་ལོང་པ་ཞིག་ཡོད་པ་དེ་དོ་སྣང་ཅན་དག་གིས་ལས་སླ་པོའི་ཐོག་ནས་ཤེས་ཐུབ་པ་ཞིག་དང་། ད་ལྟ་བོད་དེ་རྒྱ་གཞུང་གི་བཙན་གནོན་འོག་ཡོད་ཀྱང་། བོད་པ་རང་ངོས་ནས་དང་ལྷག་པར་དུ་བཙན་བྱོལ་བོད་གཞུང་གི་ངོས་ནས་འདས་པའི་ལོ་རྒྱུས་ལྟ་ཅི། ད་ཆ་ཡང་བོད་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་བྱས་པ་ཡིན་ན། དེ་ནས་བཟུང་བོད་ཀྱི་གནད་དོན་ཟེར་བ་ཞིག་ཆབ་སྲིད་ཀྱི་ཐོག་ནས་ལག་པ་འཆང་ས་མེད་པར་གྱུར་པ་དང་། བོད་དོན་འཐབ་རྩོད་དེ་རྒྱ་ནག་གི་ནང་སྲིད་དང་འབྲེལ་བའི་རྩོད་རྙོག་ཙམ་ཞིག་ཏུ་གྱུར་སོང་བ་ཡིན་དུས། ཨ་རིའི་གཞུང་གི་འབྲེལ་ཡོད་ལས་བྱེད་ཁག་ཅིག་ལ་སྲིད་སྐྱོང་གིས་ཨ་རིའི་གཞུང་གིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་ཚུལ་འདུག་པ་དེ་ཡང་། དོན་གྱིས་ཨ་རིའི་གཞུང་ལ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་དགོས་ཞེས་ནན་སྐུལ་ཞུས་པ་ལྟ་བུ་ལས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོ་སྟངས་དང་། ཨ་རྒྱ་གཉིས་ཀྱི་གྲོས་མཐུན་ཁག་དང་རྒྱབ་འགལ་དུ་གྱུར་པ་ཞིག་མ་རེད་དམ།

མདོར་ན་རྩ་དོན་ལ་ཐུག་དུས་རྒྱུན་དུ་ཁ་ཕྱོགས་མཐུན་མིན་དང་། སྒེར་གྱི་འབྲེལ་ལམ་ཡག་སྡུག་ལ་བརྟེན་ནས་མ་ཡིན་པར་དོན་དངོས་ལ་བསམ་བློ་བཏང་ནས་ལངས་ཕྱོགས་འཛིན་ཐུབ་ན། དུས་རྒྱུན་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་བཞིན་པ་ཞིག་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་དམ་འབུལ་གྲུབ་རྗེས་༧གོང་ས་མཆོག་གིས་ཚང་མས་གནད་དོན་གང་གི་ཐོག་ནས་ཡིན་ཡང་རྟོན་བཞིའི་འཇུག་ལྡོག་མ་ནོར་བའི་ཐོག་ནས་ཆ་ཤས་ལེན་དགོས་པའི་བཀའ་སློབ་ཟབ་མོ་ཕེབས་པ་བཞིན། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོ་སྟངས་དང་། བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པ། རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་རང་སྲོག་ཤོར་མཁན་དང་བཙོན་ཁང་དུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་པ་དག་གི་བློས་གཏོང་ལའང་སྣང་ཆུང་དུ་མི་འགྱུར་བ་ཞིག་བྱེད་མ་ཐུབ་ན། བསམ་བཞིན་དུ་དོན་དངོས་ལ་ལྟ་བའི་མིག་ཟུང་བཙུམ་ནས་ཆབ་སྲིད་ཀྱི་འཁྲབ་སྟོན་ཙམ་དུ་འགྱུར་ངེས་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།