མེག་གྷན་གྱི་འཐུང་ཆུ་བཙོག་པ་ཡིན་པ།
དྷ་ས་མེག་གྷན་གྱི་འཐུང་ཆུ་ལ་ཕྲ་སྲིན་དང་གཉན་སྲིན། སྲིན་འབུ་སོགས་ཀྱི་འབག་བཙོག་འཁེངས་བསྡད་ཡོད་པས། འཐུང་ན་གནོད་སྐྱོན་ཡོད་སྐོར་གྱི་གནས་ཚུལ་ཐོན་འདུག
དྷ་ས་མེག་གྷན་གྱི་འཐུང་ཆུ་ལ་ཕྲ་སྲིན་དང་གཉན་སྲིན། སྲིན་འབུ་སོགས་ཀྱི་འབག་བཙོག་འཁེངས་བསྡད་ཡོད་པས། འཐུང་ན་གནོད་སྐྱོན་ཡོད་སྐོར་གྱི་གནས་ཚུལ་ཐོན་འདུག
དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་གྱི་རྒྱ་གར་ཊིེར་བྷུན་གསར་ཤོག་སྟེང་དུ་གནས་ཚུལ་ཐོན་པ་ལྟར་ན། དྷ་ས་མེག་གྷན་ཏུ་ཆག་སྐྱོན་ཤོར་བའི་ཆུའི་སྦུ་གུ་དང། བཤང་མཛོད་རྡོལ་པ་ནས་བཤང་གཅི་འཛགས་པ་སོགས་ཀྱི་རྐྱེན་པས། མགྲོན་ཁང་དང་སྒེར་གྱི་ཁང་པ་སོགས་ལ་མཁོ་སྤྲོད་བྱེད་བཞིན་པའི་ཆུ་དེ་འཐུང་མི་རུང་བ་ཡིན་འདུག
དེ་ཡང་ལོ་༥ ཡི་རིང་མེག་གྷན་དུ་ནང་ཆོས་སློབ་གཉེར་བྱེད་བཞིན་པའི་ཕྱི་རྒྱལ་བ་སིན་ཐིཡ་ནི་ས་གཤིས་དཔྱད་རིག་པ་དང་ཆུའི་ཐོག་ཆེད་ལས་པ་ཡིན་འདུག་པ་དང། ཁོང་གིས་རྒྱ་གར་གསར་འགོད་པར་མེག་གྷན་གྱི་སྦུ་གུའི་ཆུ་རྣམས་ལ་བརྟག་དཔྱད་བྱས་པ་བརྒྱུད། དེ་སྦག་བཙོག་ཡིན་པས་འཐུང་མི་ཉན་པ་མ་ཟད། ཆུའི་ནང་སྲིན་འབུ་སོགས་ནད་གཞི་ལྗིད་པོའི་འབྱུང་ཁུངས་མང་པོ་ཡོད་པ། དེ་དག་གིས་གཅིན་ཟག་མ་ལག་ལ་གཉན་ཁ་བཟོ་བ། གློ་བའི་གཉན་ཚད་དང་བཤལ་ནད། དེ་བཞིན་དབུགས་གཏོང་ལེན་གྱི་དཀའ་ངལ་སོགས་འབྱུང་གི་ཡོད་པ་འགྲེལ་བརྗོད་བྱས་འདུག
ཁོ་མོས་མེག་གྷན་གྱི་འཐུང་ཆུ་དེ་མི་མང་ལ་མཁོ་སྤྲོད་མ་བྱས་པའི་སྔོན་དུ། ཆུ་ཚགས་བྱེད་དགོས་པ་གལ་ཆེན་ཡིན་པ། དེ་བཞིན་དེང་གི་ཆར་མེག་གྷན་ལ་ཡུལ་སྐོར་སྤྲོ་འཆམ་པ་སོགས་མི་མང་དུ་འགྲོ་ཡི་ཡོད་ཀྱང། ཆུ་བགོ་འགྲེམས་བྱེད་པའི་འཆར་གཞི་ཡག་པོ་མེད་པས། རྟག་ཏུ་ཆུ་མ་འདང་བའི་དཀའ་ངལ་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
དྷ་ས་མེག་གྷན་དུ་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ཁར། མགྲོན་ཁང་དང་ཟ་ཁང་སོགས་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པས། སྒེར་གྱི་ཁང་པ་ལ་ཆུ་མི་འདང་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།