མོ་དྷིས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པས་ཐའེ་ཝན་སྲིད་འཛིན་གྱིས་འཚམས་འདྲི་ཞུས་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས།

ཟླ་འདིའི་ཚེས་༦  ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་གྱི་སྲིད་འཛིན་གསར་པས་རྒྱ་གར་གྱི་བྷི་ཇེ་པི་ཕྱོགས་ཁག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ་དང་། སྲིད་བློན་མོ་དྷི་ཡིས་བཀའ་ལན་གནང་བར་རྒྱ་ནག་གིས་སྐྱོན་བརྗོད་བྱས་ཡོད་འདུག

པར། ཐའེ་ཝན་གསར་འགྱུར།

ཉེ་ཆར་རྒྱ་གར་གྱི་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་མཐུན་ཕྱོགས་ཚོགས་པ་(NDA)་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་ལ་ཨ་རིའི་སྲིད་འཛིན་གཙོས་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་རྒྱ་གར་གྱི་སྲིད་བློན་མོ་དྷི་ལ་རྒྱལ་ཁའི་འཚམས་འདྲི་ཞུས་ཡོད་པ་ལྟར། ཉེ་ཆར་དམ་འབུལ་ཟིན་པའི་ཐའེ་ཝན་གྱི་སྲིད་འཛིན་གསར་པས་ཀྱང་རྒྱ་གར་གྱི་སྲིད་འཛིན་ལ་འཚམས་འདྲི་དང་། ཕྱོགས་གཉིས་བར་ཚོང་དོན་དང་འཕྲུལ་རིག་ཐོག་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ། གོང་འཕེལ་མྱུར་པོ་འགྲོ་བཞིན་པའི་རྒྱ་གར་དང་ཐའེ་ཝན་གྱི་འབྲེལ་ལམ་རྒྱུན་སྐྱོང་བྱེད་རྒྱུ་དང་། དེ་བཞིན་སྡེ་ཚན་གཞན་གྱི་ཐོག་མཉམ་ལས་ཀྱིས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཞི་བདེ་དང་དར་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ལ་རེ་སྒུག་བྱེད་བཞིན་ཡོད་ཅེས་ཨེག་སི་(X) ་དྲྭ་རྒྱའི་ཐོག་སྤེལ་རྗེས། རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་ཀྱང་འཚམས་འདྲི་བསྐུལ་བར་ཐུགས་རྗེ་ཆེ་དང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཉེ་རུ་གཏོང་རྒྱུ་དང་དཔལ་འབྱོར་དང་འཕྲུལ་རིག་སོགས་ཐུན་མོང་གི་ཁེ་ཕན་ཆེད་མཉམ་ལས་བྱ་རྒྱུ་ལ་རེ་སྒུག་བྱེད་ཀྱི་ཡོད་ཅེས་ལན་འདེབས་གནང་འདུག
ཁ་སང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་གསལ་བསྒྲགས་བྱེད་པའི་སྐབས། གསར་འགོད་པས་རྒྱ་གར་གྱི་སྲིད་བློན་དང་ཐའེ་ཝན་གྱི་སྲིད་འཛིན་གསར་པའི་བར་བཀའ་མོལ་དང་འབྲེལ་དྲི་བ་དྲིས་པ་ན། ཕྱི་སྲིད་བློན་ཆེན་གྱིས་ཐའེ་ཝན་ས་ཁུལ་ལ་སྲིད་འཛིན་ཞེས་པ་ཞིག་མེད་པ་དང་། ཐའེ་ཝན་ནི་ཁ་བྲལ་དུ་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། འཛམ་གླིང་ཐོག་རྒྱ་ནག་ཅེས་པ་གཅིག་མ་གཏོགས་མེད་པས་རྒྱ་ནག་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་སུས་གཞུང་འབྲེལ་ཐོག་ཐའེ་ཝན་ལ་འབྲེལ་བ་བྱས་ན་ངོ་རྒོལ་ཡོད་ཅེས་བརྗོད་འདུག ད་བར་སྲིད་བློན་མོ་དྷི་ལ་འཚམས་འདྲི་ཞུ་མཁན་རྒྱལ་ཁབ་དུ་མའི་དབུ་ཁྲིད་ཡོད་ཀྱང་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱི་དབུ་ཁྲིད་ཀྱིས་འཚམས་འདྲི་ཞུས་མི་འདུག

རྒྱ་གར་གྱིས་རྒྱ་ནག་གཅིག་ཅེས་པའི་སྲིད་ཇུས་ལ་མོས་མཐུན་བྱེད་ཀྱི་ཡོད་པ་དང་ད་ལྟའི་ཆར་རྒྱ་གར་དང་ཐའེ་ཝན་བར་གཞུང་འབྲེལ་གྱི་ཕྱི་འབྲེལ་མེད་ན་ཡང་། ཕྱོགས་གཉིས་བར་རིག་གཞུང་བརྗེ་ལེན་དང་ཚོང་འབྲེལ། ཤེས་ཡོན་བརྗེ་ལེན་སོགས་ཀྱི་ཐོག་འབྲེལ་བ་སྔར་ལས་ཟབ་ཏུ་ཕྱིན་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།