ཚིག་ཁ་ནས་ཤོར་ན་འཛིན་མེད།

ཆེད་བརྗོད།

ཉེ་ཆར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པར་ནང་སྲིད་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ཀྱིས་མི་འབོར་གྲངས་བཤེར་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་སྐབས། “ཆོས་ལུགས་འབྲི་སྟངས་ཀྱི་ཐོག་ལ་ཏོག་ཙམ་མི་མང་ནང་འདོད་པ་མ་ཁེངས་པ་ཞིག་བྱུང་སོང་། ཁ་ཤས་ཀྱིས་ཆོས་ལུགས་མེད། རིས་མེད་ཡིན་ཟེར་མཁན་བྱུང་སོང་། དེ་ཚོ་ལ་ང་ཚོས་འགྲེལ་བཤད་ག་རེ་བརྒྱབ་ཀྱི་ཡོད་རེད་ཟེར་ན། མ་འོངས་པར་བཅའ་ཁྲིམས་ལ་འགྱུར་བ་ཕྱིན་ནས། ད་ལྟ་བཀའ་ཤག་སྐབས་བཅུ་དྲུག་པའི་དགོངས་གཞི་ནང་བཞིན། སེར་སྐྱ་ཕོ་མོ་དབྱེ་བ་མེད་པ་བྱས། འོས་གྲངས་བཅུ་གཉིས་བཅུ་གཉིས་རེ་བླུག་རྒྱུའི་ཐོབ་ཐང་ཐོབ་པ་ཡིན་ན། སྐབས་དེ་དུས་སོ་སོས་ཆོས་ལུགས་གཅིག་གི་ནང་ལ་འོས་ཤོག་བླུག་དགོས་ཀྱི་ཡོད་རེད། དེ་དུས་རིས་མེད་འགྲོ་ས་ཡོད་མ་རེད། དེ་འདྲའི་དཀའ་ངལ་འཕྲད་ཀྱི་རེད་ཅེས་ལམ་སྟོན་བྱས་ཡིན།”ཞེས་ཡོངས་ཁྱབ་ཀྱི་ཐོག་ནས་གསུངས་ཡོད་པ་དང། དེའི་རྗེས་སུ་བརྒྱུད་ལམ་དེ་རང་ནས་ཕྱིར་འཐེན་ཡིན་པ་དང་དགོངས་སེལ་ཡང་ཞུས་ཡོད་པ་རེད།

བོད་པའི་ཁ་རྒྱུན་དུ་‘ཚིག་ཁ་ནས་ཤོར་ན་འཛིན་མེད་དང། རྟ་ལག་པས་ཤོར་ན་འཛིན་ཡོད་ཅེས།’ཤོད་སྲོལ་ཡོད་ཀྱང། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཁ་ནས་གང་ཐོན་ཐོན་ཞིག་བཤད། རྗེས་སུ་ཕྱིར་འཐེན་ཡིན་ཞེས་ཤོད་སྲོལ་འདིར་དར་སྲོལ་ཆེན་པོ་ཡོད་པས། དྲུང་འཕར་ཁོང་གིས་ཕྱིར་འཐེན་ཙམ་མ་ཡིན་དགོངས་སེལ་ཡང་ཞུས་ཡོད་པས་གནད་དོན་འདི་བསྐྱར་དུ་གླེང་དགོས་པ་ཞིག་མིན་ཡང། ཕྱོགས་གཅིག་ནས་ཁོང་གིས་གསར་འགོད་པར་འགྲེལ་བཤད་གནང་བ་ཙམ་མིན་པར། མི་འབོར་གྲངས་བཤེར་སྐབས་ཁོང་དང་ཁོང་གི་གཤམ་འོག་ས་གནས་འགོ་འཛིན་སོགས་འབྲེལ་ཡོད་རྣམས་ཀྱིས་རྒྱ་ཆེའི་མི་མང་ལ་གསལ་བཤད་གནང་ཟིན་པ་ཁོང་གིས་གསུངས་པ་དེའི་ཐོག་ནས་ཤེས་ཐུབ། གསར་འགྱུར་བརྒྱུད་ལམ་ལ་གསུངས་པ་དེ་ཕྱིར་འཐེན་བྱ་རྒྱུ་ཡོད་པའི་དབང་དུ་བཏང་ཡང། མི་མང་ལ་གོ་བསྐོན་སློབ་གསོ་དེ་རང་བརྒྱབ། རྒྱབ་ལྗོངས་དེའི་ཐོག་ནས་གྲངས་བཤེར་བྱས་ཟིན་པས། དེ་ཕྱིར་འཐེན་བྱ་རྒྱུའི་ཐབས་ལམ་ཡོད་དམ་མེད། ད་ལྟ་གནད་འགག་གཙོ་བོ་འདིར་ཐུག་ཡོད།

སྲིད་སྐྱོང་སྤེན་པ་ཚེ་རིང་ཐོག་མ་སླེབས་སྐབས་མི་འབོར་ཞིབ་བཤེར་ཞིག་གང་མགྱོགས་གནང་རྒྱུ་ཡིན་པ་དང། དེ་ཡང་དུས་ཐུང་ཟླ་བ་གཅིག་གཉིས་ནང་ཚར་ཐུབ་པ་གནང་རྒྱུ་ཡིན་པའི་གསལ་བཤད་སྔ་རྗེས་གནང་ཡོད། དོན་དུ་ལོ་གཅིག་དང་ཟླ་གསུམ་ལ་ཉེ་བའི་རིང་འཐུས་ཚང་ཞིག་བྱུང་ཡོད་བཟོ་མི་འདུག་ལ། དེ་ཡང་གཙོ་བོ་མི་མང་གིས་མཉམ་ཞུགས་དང་མཐུན་འགྱུར་ཆ་ཚང་ཞིག་ཞུ་མིན་ལ་ཐུག་ཡོད། བཙན་བྱོལ་བོད་མི་རྣམས་འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་ནས་བསྡད་ཡོད་སྟབས་ཁྱབ་བསྒྲགས་མཐོང་ཐུབ་མིན་དང། ཁྱབ་བསྒྲགས་མཐོང་ཡང་དུས་ཁོམ་ཡོད་མེད། གྲངས་བཤེར་དེའི་ནང་ཞུགས་ན་ཕན་ལས་གནོད་དུ་འགྱུར་བའི་དོགས་པ་ཡོད་མཁན་ཡང་ཡོད་པ་སོགས་ཕྱོགས་ཡོངས་ནས་ལས་འཆར་འདི་ཚད་ལྡན་ཞིག་བྱུང་མེད་པ་གསལ་པོ་རེད། ད་ལན་ཙམ་མིན་པར་སྔ་རྗེས་སུ་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ནང་ཆེད་དུ་མཉམ་ཞུགས་མི་བྱེད་མཁན་གང་མང་ཡོད་འདུག་པས། གྲངས་འབོར་ངོ་མ་དེ་ཏག་ཏག་ཅིག་ཤེས་རྟོགས་ཡོང་ཐབས་ཧ་ཅང་དཀའ།

རྩ་བས་སྲིད་སྐྱོང་གི་དགོངས་གཞི་བཞིན་མི་འབོར་གང་ཡོད་པའི་གྲངས་ཐོ་དེ་ཁ་གསལ་ཞིག་ཡོད་ན། མ་འོངས་པར་ལས་དོན་ག་རེའི་ཐོག་ནས་བཤད་ཀྱང་གལ་ཆེན་པོ་ཡིན་ནའང། སྤྱི་ཚོགས་ཀྱི་གནས་སྟངས་དང། བསམ་བློ་གཏོང་སྟངས་ཕྱོགས་གང་ཐད་ནས་བཙན་བྱོལ་བོད་མི་ཡོངས་རྫོགས་ཀྱི་གྲངས་ཀ་ཞིག་ད་ལྟའི་ཆར་རག་ཐབས་མེད་པ་དེ་གོང་དུ་བཤད་ཟིན་ཅིང། ལོ་འདིར་མཚོན་ན་རྒྱབ་ལྗོངས་ཀྱི་འགྲེལ་བཤད་དང་། མི་མང་གི་བློ་དོགས་སོགས་ཕྱོགས་གང་ཐད་ནས་རེ་བ་ཆེན་པོ་ཞིག་གང་ཡང་མེད་པ་མ་ཟད། མི་འབོར་གྲངས་བཤེར་འདི་ཉིད་གནས་སྐབས་བཙན་བྱོལ་ནང་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། བཀའ་ཤག་གི་ངོས་ནས་ཞིབ་བཤེར་མིན། གྲངས་བཤེར་ཡིན་ཞེས་གསུངས་ཡོད་ནའང་། དོན་དུ་༢༠༡༨ ལོའི་མི་འབོར་ཞིབ་བཤེར་ལས་ཀྱང། ད་ལྟའི་གྲངས་བཤེར་འདི་ཞིབ་ཚགས་ཆེ་བ་དང། དཔེར་ན་ཆོས་ལུགས་གང་ཡིན་ཡང་འབྲི་དགོས་པ་ཙམ་དུ་མ་ཟད། ཆོས་བརྒྱུད་གང་ཡིན་ཡང་འབྲི་དགོས་པས་ཞིབ་ཚགས་བྱ་རྒྱུ་མང་དྲགས་པ་ཞིག་རེད།

མདོར་ན་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་གཅིག་སྒྲིལ་གྱི་རྣམ་པ་ཅུང་ཚད་དམའ་བའི་དུས་ཡིན་པས། ཕྱོགས་གང་ཐད་ནས་ལས་དོན་ག་རེ་བྱས་ཀྱང་དེ་ལ་ལྡོག་ཕྱོགས་ནས་འགྲེལ་བཤད་རྒྱག་མཁན་མང་པོ་ཡོད་པ་ནི་རྒྱུན་ལྡན་ཡིན་ནའང་། ད་ལན་དེ་ཙམ་མ་ཡིན་པར་དོན་དངོས་སུ་ཁྱོ་ཤུག་གཉིས་ཀ་ཆོས་བརྒྱུད་མི་གཅིག་པ་མང་པོ་ཡོད་ལ། དེ་དག་གི་བུ་ཕྲུག་ཆོས་བརྒྱུད་གང་ཡིན་ཡང་བརྗོད་དཀའ། བཙན་བྱོལ་བོད་ནང་གི་ན་གཞོན་མང་པོ་ཞིག་ལ་ཕ་ཡུལ་གང་ཡིན་དྲིས་ན་ཁོང་ཁྲོ་ཟ་བའི་དུས་འདིར། ཁྱོད་ཆོས་བརྒྱུད་གང་ཡིན་ཞེས་དྲིས་ན་དེ་བས་ཀྱང་ཁོང་ཁྲོ་ཟ་ངེས་རེད། གླེང་གཞི་འདི་ནི་ཁྱིམ་ཚང་གི་དཀའ་ངལ་དང། ན་གཞོན་ཚོ་ལ་མཚོན་ན་ཁུར་འདོད་མེད་པའི་ཁུར་པོ་ལྗིད་གོག་ཅན་ཞིག་ཏུ་གྱུར་ཡོད། ནང་སྲིད་དྲུང་འཕར་གྱིས་ཀྱང་བཀའ་ཤག་གི་དགོངས་པ་མ་རྟོགས་པར་མི་མང་ལ་བཤད་མི་སྲིད་ནའང། ད་ལན་ཁོང་གོང་རིམ་གྱི་ཉེས་ཚབ་ཏུ་ཁོང་གིས་བློས་གཏོང་བྱས་པ་ཞིག་ཡིན་ངེས་རེད་ལ། གང་ལྟར་གནད་དོན་འདི་ལ་མ་འོངས་པར་ཡང་བསམ་བློ་གཏོང་དགོས་ངེས་རེད་འདུག།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།