ཚེ་རིང་དབྱངས་འཛོམས་ཀྱི་དབྱིན་ཡིག་བརྩམས་སྒྲུང་རིང་བ་ཞིག་ཐོན་ལ་ཉེ་འདུག
འདི་ལོའི་ཟླ་༥ པའི་ནང་ཚེ་རིང་དབྱང་འཛོམས་ཀྱིས་བྲིས་པའི་བརྩམས་སྒྲུང་རིང་བ་ང་ཚོས་ས་ཁྱོན་ལུས་ཀྱིས་འཇལ་(We Measure the Earth with Our Bodies) ཞེས་པ་དེ་དངོས་སུ་ཁྲོམ་རའི་ནང་ཐོན་རྒྱུ་ཡིན་འདུག་པ་དང་། སྒྲུང་དེབ་དེར་རྩོམ་རིག་དུས་དེབ་ཁག་ཅིག་གིས་བསྟོད་བསྔགས་ཆེན་པོ་བྱས་ཡོད་ཁར། བཙན་བྱོལ་ནང་རྩོམ་རིག་ལ་དགའ་མཁན་མང་པོ་ཞིག་གིས་ངང་སྒུག་བྱེད་བཞིན་ཡོད་སྐོར་འདུག

དེ་ཡང་སྒྲུང་དེབ་འདི་ནི་ཁོང་གི་སྒྲུང་རིང་གྲས་པར་སྐྲུན་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག་པས། རྩོམ་རིག་དུས་དེབ་(Publishers Weekly) ཞེས་པ་དེས་དོ་སྣང་བྱེད་དགོས་པའི་རྩོམ་པ་པོ་ཁག་གི་མིང་ཁོངས་སུ་ཚེ་རིང་དབྱང་འཛོམས་བཅུག་འདུག དེ་བཞིན་རྩོམ་རིག་དུས་དེབ་(The Millions) ཞེས་པ་དེས་ཁོང་གི་སྒྲུང་དེབ་འདི་ནི་འདི་ལོར་ངང་སྒུག་ཆེ་ཤོས་བྱེད་པའི་དེབ་གཅིག་ཡིན་སྐོར་བརྗོད་ནས་བསྟོད་བསྔགས་ཆེན་པོ་ཐོབ་བཞིན་འདུག
དེབ་འདིའི་བརྗོད་བྱ་ནི་ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་སྐབས་སུ། ལྷ་མོ་དང་ཁོང་གི་སྲིང་མོ་བསྟན་སྐྱིད་གཉིས་བལ་ཡུལ་གྱི་ས་མཚམས་སུ་བྲོས་ཐར་ཡོད་པ་དང་། ཨ་མ་གྲོངས་བ་དང་ཕ་ཡུལ་ཤོར་བའི་དཀའ་སྡུག་འོག་ཏུ་ཚུད་པའི་སྐབས་སུ། བསམ་འཕེལ་ཞེས་པའི་གཞོན་པ་ཞིག་གི་ཨ་ཁུས་རྒྱུན་རིང་མི་ཚོས་བར་བརླག་སོང་ཡོད་པ་ངོས་འཛིན་བྱེད་བཞིན་པའི་མིང་མེད་པའི་ལྷ་སྐུ་རྙིང་པ་ཞིག་འཁྱེར་ནས་ཡོང་སྐབས་རེ་བ་གསར་པ་ཞིག་སླེབས་པ། ལོ་བཅུག་ཕྲག་ཁ་ཤས་རྗེས་ཁོ་ཚོ་ཁེ་ན་ཌར་གནས་སྡོད་བྱེད་བཞིན་པའི་སྐབས་སུ། ལྷ་མོའི་བུ་མོ་སྒྲོལ་མ་ཡིས་བོད་རིག་པ་ཞིག་ཆགས་ཐབས་བྱེད་བཞིན་པ་དང་། མོས་ལྷ་སྐུ་རྙིང་པ་དེ་ཅ་དངོས་རྙིང་པ་མཁོ་སྒྲུབ་བྱེད་མཁན་ཞིག་གི་མཛོད་ནང་དུ་མཐོང་སྐབས། རང་གི་ཕུགས་བསམ་ལ་ཉེན་ཁ་ཡོད་ཀྱང་། མི་རིགས་གི་ཆེད་དུ་ག་རེ་བྱེད་འདོད་ཡོད་མེད་ཐག་གཅོད་བྱེད་དགོས་པ་ཆགས་པའི་སྐོར་ཡིན་འདུག
ད་ལྟའི་ཆར་དེབ་འདིའི་པར་ཕུད་ཁག་ཅིག་བཙན་བྱོལ་ནང་གི་རྩོམ་པ་པོ་ཁག་ཅིག་ལ་བསྐུར་ཟིན་ནའང་། དངོས་སུ་ཁྲོམ་རའི་ནང་དུ་ཟླ་༥ པའི་ཚེས་༡༧ ཉིན་སླེབས་རྒྱུ་རེད་འདུག
རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ནི་བལ་ཡུལ་དུ་སྐྱེས་ནས་འཚར་ལོངས་བྱུང་བ་དང་། ཕྱིས་སུ་ཁེ་ན་ཌར་གནས་སྤོས་ཀྱིས་རྩོམ་རིག་དང་རྒྱལ་སྤྱིའི་འབྲེལ་ལམ་ཐོག་རབ་འབྱམས་པ་དང་། འབྱུང་རིག་ཐོག་གཙུག་ལག་རབ་འབྱམས་པ་ཐོན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།