ཚེ་སྲོག་བོད་དོན་ལ་ཕུལ་བའི་དྲན་རྟེན།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༠༡ གི་ཆེད་བརྗོད།)
རྒྱ་དམར་དྲག་པོའི་དཔུང་གིས་བཙན་འཛུལ་གྱིས་བོད་ས་ཡོངས་རྫོགས་ཧམ་བཟུང་བྱས་པ་དང་། དེ་ལ་ངོ་རྒོལ་གྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་གང་མང་ཞིག་བྱུང་ཡོད། ལྷག་པར་དུ་ཕྱི་ལོ་༡༩༥༦ ཙམ་ནས་འགོ་བཙུགས་ཏེ་ཨ་རིའི་དབུས་གསང་བའི་ལས་ཁུངས་(CIA)དང་། ༧གོང་ས་མཆོག་གི་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་གཉིས་དང་འབྲེལ་བ་བྱུང་ཞིང་། བོད་ཀྱི་རྒྱལ་ས་ལྷ་ས་ནས་དཔའ་བོའི་ཁྱུ་མཆོག་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་མི་སྣ་ཆེད་གཏོང་བྱས་ནས་རྒྱ་དམར་དྲག་པོའི་གཞུང་གི་བཙན་འཛུལ་ལ་རྒོལ་ལན་དང་། བོད་རྒྱལ་བསྟན་མི་རིགས་དང་བཅས་སྲུང་སྐྱོབ་ཀྱི་ཆེད་འཇབ་དམག་དང་། ཏར་འཕྲིན་གཏོང་ལེན་གྱི་སྦྱོང་བརྡར་སྤྲད་ནས་ཕྱི་ལོ་༡༩༥༧ ཟླ་༧ པའི་ནང་ལི་ཐང་ཨ་ཐར་ནོར་བུ་དང་། ལི་ཐང་ག་ཟི་བློ་ཚེ་གཉིས་ལྷོ་ཁ་བསམ་ཡས་ཀྱི་ཉེ་འགྲམ་དུ་གནམ་གྲུ་ལས་མཆོངས་བབས་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་ཟིན་ཐོ་གསར་དུ་བཏོད།
རིམ་པས་ཁམས་ལི་ཐང་སོགས་སུ་གནམ་གྲུ་ལས་མཆོངས་བབས་བྱེད་མཁན་བྱུང་ཡོད་པ་དང་། བོད་ས་ཤོར་རྗེས་ཀྱང་བོད་ཀྱི་དཔའ་རྒོད་གང་མང་ཞིག་ལ་ཨ་རིའི་མངའ་སྡེ་ཁོ་ལོ་རཱ་ཌོ་ཁེམ་ཧཱེལ་(Camp Hale)ས་གནས་སུ་དམག་སྦྱོང་སྤྲད། སླར་ཡང་བོད་ནང་དུ་སྔ་རྗེས་གནམ་གྲུ་ལས་མཆོངས་བབས་བྱས་པ་དང་། ཚེ་སྲོག་དགྲ་ལག་ཏུ་ཤོར་བའི་ལོ་རྒྱུས་མང་པོ་བྱུང་ཞིང་། མང་ཆེ་བ་བལ་ཡུལ་གློ་རུ་རྟེན་གཞི་བྱས་པའི་བོད་ཀྱི་འཇབ་དམག་ཏུ་བཏང་ནས། བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་མང་དག་ཅིག་སྤེལ། ཕྱིས་སུ་རྒྱ་དམར་གཞུང་དང་ཨ་རིའི་སྲིད་གཞུང་དབར་འབྲེལ་བ་ཡག་ཏུ་སོང་བ་དང་། ཨ་རིའི་གཞུང་གིས་གློ་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་སྤྲོད་མཚམས་འཇོག་བྱས་ཤིང་། བོད་པ་ནང་ཁུལ་དུའང་ལྟ་ཚུལ་མི་མཐུན་པའི་གནས་ཚུལ་མང་པོ་བྱུང་ནས་གློ་སྒྲིག་འཛུགས་འཐོར་བ་མ་ཟད། བོད་ཀྱི་རྒྱལ་གཅེས་དཔའ་རྒོད་གང་མང་ཞིག་གི་གཅེས་པའི་ཚེ་སྲོག་ཀྱང་ཤོར་ཡོད་པ་དང་། ད་ལྟའི་ཆར་སྐབས་དེར་དམག་སྦྱོང་སྤྲད་པའི་མི་སྣ་རེ་ཟུང་ལས་ལྷག་མེད།
དམག་སྦྱོང་སྤྲོད་སའི་ས་ཁུལ་དེར་ཨ་རིའི་གསང་བའི་ལས་ཁུངས་ནས་དྲན་རྟེན་ཞིག་བཟོས་ཡོད་ཀྱང་། དངོས་སུ་དམག་སྦྱོང་སྤྲོད་སའི་ས་གནས་སུ་སྔར་ཡོད་ཁང་པ་སོགས་ཚང་མ་རྩ་གཏོར་བཏང་ཟིན་ནས་ངོས་འཛིན་གསལ་པོ་བྱེད་ཐུབ་མེད། ཁོ་ལོ་རཱ་ཌོ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ལྕམ་ཁཱེ་རོལ་(Carole McGranahan De-partment Chair and Professor)གྱིས་སྔར་ཡོད་དམག་སྦྱོང་གནང་བའི་འདྲ་པར་ཁག་གཞི་རྩར་བཞག་ནས་ཞིབ་འཇུག་མཐིལ་ཕྱིན་བྱས་པ་བརྒྱུད། སྦྱོང་བརྡར་སྤྲོད་སའི་ས་གནས་དེ་དངོས་སུ་ངོས་འཛིན་གསལ་པོ་བྱུང་ཡོད་ཅིང་། ས་གནས་དེ་རང་དུ་རྗེས་དྲན་གྱི་མཆོད་རྟེན་ནམ། རྡོ་རིང་ཞིག་གསར་བཟོ་ཐུབ་པའི་སྟ་གོན་ཡང་བྱེད་བཞིན་ཡོད་འདུག ས་གནས་དེ་རང་དུ་དམག་སྦྱོང་བྱེད་མཁན་བོད་ཀྱི་དཔའ་རྒོད་དག་ལ་མཚོན་ན། གོ་ས་དང་ཐོབ་ཐང་གི་ཆེད་དུ་མིན་པ་དང་། མིང་དང་སྙན་གྲགས་ཀྱི་ཆེད་དུའང་མ་ཡིན་པར། དགྲ་བོ་རྒྱ་དམར་གཞུང་ལ་རྒོལ་ལན་སློག་ཐུབ་པའི་རེ་བ་འབའ་ཞིག་ལ་བརྟེན་ནས་བྱུང་ཡོད།
སྤྱིར་ལོ་རྒྱུས་ཞེས་པ་དུས་ཡུན་རིང་པོར་གནས་དགོས་པ་ཞིག་ཡིན་ནའང་། བོད་མི་སུམ་བརྒྱ་ལྷག་ལ་དམག་སྦྱོང་སྤྲད་པའི་ས་གནས་འདི་མི་ལོ་དྲུག་ཅུ་ལྷག་ཙམ་འདས་པའི་དེ་རིང་བསྐྱར་དུ་འཚོལ་དགོས་པའི་གནས་སུ་གྱར་ཡོད་པས། ས་གནས་འདིར་རྗེས་དྲན་གྱི་མཆོད་རྟེན་ནམ་རྡོ་རིང་ལྟ་བུ་ཞིག་གསར་སྐྲུན་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད་འདུག སྐབས་དེར་དམག་སྦྱོང་བྱེད་མྱོང་བའི་ནང་ནས་མི་གཅིག་ཙམ་དང་། སྐད་སྒྱུར་བ་ཙམ་ལས་གཞན་དག་ཚེ་ཕྱི་མའི་ཡུལ་དུ་ཕྱིན་ཟིན་པས། དམག་སྦྱོང་བྱེད་སའི་ས་གནས་དེ་ད་ལྟ་ནས་འཚོལ་ཞིབ་དང་རྩད་གཅོད་ཡང་དག་ཅིག་བྱེད་མ་ཐུབ་ན་བུ་ཚ་ཕྱི་རབས་པ་རྣམས་ཀྱིས་ངོས་འཛིན་བྱེད་ཐབས་བྲལ་བ་ཞིག་ཏུ་འགྱུར་ངེས་རེད། རྩ་བས་གནད་དོན་འདིའི་སྐོར་འབྲེལ་ཡོད་དང་ཆེད་མཁས་པ་ཁག་ཅིག་གིས་དཔེ་དེབ་རྩོམ་འབྲི་བྱས་ཡོད་པས། བྱས་པ་རྗེས་མེད་རང་དུ་འགྲོ་མི་སྲིད་ནའང་། དཔའ་བོ་དེ་དག་གིས་སྦྱོང་བརྡར་བྱེད་ཡུལ་གྱི་ས་གནས་ཀྱང་ཤེས་རྟོགས་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད།
མདོར་ན་ཤི་བོའི་ཁ་ཆེམས་དང་གསོན་པོའི་རེ་འདུན་སོགས་ཕྱོགས་གང་ཐད་ནས་བོད་རྒྱལ་བསྟན་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་དག་གི་བྱས་པ་རྗེས་མེད་དུ་མི་འགྲོ་བ་དང་། བུ་ཚ་ཕྱི་རབས་པ་རྣམས་ཀྱི་ངོས་ནས་ཀྱང་དེ་དག་ལ་མིག་དཔེ་བལྟས་ནས་དགྲ་གཉེན་མགོན་གསུམ་མ་ནོར་བའི་ཐོག་ནས་མ་འོངས་པའི་བོད་གསར་པ་ཞིག་འཛུགས་སྐྲུན་བྱེད་དགོས། མི་ལ་སྐྱིད་རེས་སྡུག་རེས་དང་། ས་ལ་སྐྱ་རེས་སྔོ་རེས་ཞེས་པ་བཞིན་དུས་གཏན་དུ་འགྱུར་བ་མེད་པ་ཞིག་ཡོང་མི་སྲིད་པས། ད་ལྟའི་ཆར་དགྲ་བོ་རྒྱ་དམར་གཞུང་ལ་ཁ་རྗེ་དབང་ཐང་དར་བཞིན་པའི་སྐབས་ཤིག་ཡིན་ནའང་། རྒྱལ་སྤྱིའི་སྟེང་དུ་རྒྱ་ནག་ལ་ཆེ་མཐོང་དང་གོ་སྐབས་ཉུང་དུ་འགྲོ་བཞིན་ཡོད་པ་དང་། བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག ཧོང་ཀོང་བཅས་ཀྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་བཞིན་སྤེལ་བཞིན་པ་མ་ཟད། མང་གཙོ་དང་རང་དབང་གི་ཁོར་ཡུག་གཏན་ནས་མེད་པས་ནམ་ཞིག་རྒྱ་མི་རིགས་ཀྱིས་ཀྱང་དམར་ཤོག་གི་སྲིད་དབང་སྒེར་གཅོད་ལ་ངོ་རྒོལ་བྱེད་ངེས་རེད།།