ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལང་གཏན་འཁེལ་བ། 

 

ཉེ་ཆར་བཀའ་ཟུར་རྒྱ་རི་སྒྲོལ་མ་དང་། བཀའ་ཟུར་བློ་ས་བཟང་སྙན་གྲགས་གཉིས་ཀྱིས་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལང་རྒྱུའི་གསལ་བསྒྲགས་སྤེལ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱ་ཙཱརྱ་ཡེས་ཤེས་ཕུན་ཚོགས་ཀྱང་ ༢༠༢༡ ལོའི་སྲིད་སྐྱོང་འོས་འགྲན་ནང་ཞུགས་གཏན་ཁེལ་ཡོད་ཚུལ་བསྒྲགས་འདུག 

དེ་ཡང་ཉེ་ལམ་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ལ་དགའ་མོས་བྱེད་མཁན་ཚོས་སྤྱི་ཚོགས་དྲ་ལམ་ཐོག་ནས་ཁོང་ ༢༠༢༡ ལོའི་སྲིད་སྐྱོང་མིར་ལང་མཁན་ཡིན་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་ཁོང་ལ་དེ་དོན་བདེན་མིན་བཀའ་འདྲི་ཞུས་པར། ཁོང་གིས་གནས་ཚུལ་དེ་བདེན་པ་ཡིན་པ་དང་། ཁོང་གིས་རང་ཉིད་ལ་དགའ་ཞེན་གནང་མཁན་ཚོས་དེ་སྔ་ནས་སྲིད་སྐྱོང་གི་འོས་མིར་ལངས་ཐུབ་ན་ལེགས་པོ་འདུག་ཅེས་ཡང་ཡང་གསུངས་པ་བཞིན་ཁས་ལེན་དང་སྦྲགས་སྲིད་སྐྱོང་འོས་མིར་ལང་རྒྱུའི་ཐག་བཅད་པ་ཡིན་ཚུལ་གསུངས་འདུག 

དེ་བཞིན་མ་འོངས་ལས་འཆར་རམ་འཆར་སྣང་ཇི་ཡོད་སྐོར་ལ། ཁོང་གིས་“གཙོ་བོ་ཚགས་ཚུད་དང་སྲ་བརྟན། དེ་བཞིན་གཞི་རྒྱུན་སྐྱོང་བཅས་ལ་གནད་ཆེར་ངོས་འཛིན་གནང་གི་ཡོད་པ་དང་། ང་ཚོ་[བོད་པ]དཔལ་འབྱོར་གྱི་ཆ་ནས་གཞན་དབང་སྟབས་བསྟུན་ཡིན་པ་དང་།  ཆབ་སྲིད་ཀྱི་ཆ་ནས་ཀྱང་གཞན་ནས་ཀྱང་རྒྱབ་སྐྱོར་འཚོལ་རྒྱུ་ཡིན་སྟབས། དེ་དག་གཞིར་བཞག་རྒྱ་ཆེ་མང་ཚོགས་རྣམས་ཞི་བདེ་ལྷིང་འཇགས་ཀྱི་ཐོག་ནས་སྣེ་ཁྲིད་ཐུབ་པ་གལ་ཆེ་”ཚུལ་གསུངས་འདུག 

ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་ཕྱི་ལོ་ ༡༩༨༩ ནས་ ༡༩༩༦ བར་ཝཱར་ཎཱ་མཐོ་སློབ་དང་། སུ་ཇཱ་བོད་ཁྱིམ་གཉིས་སུ་འཛིན་སྐྱོང་དང་སློབ་དགེའི་ལས་ཁུར་ཞུས། ཕྱི་ལོ་ ༡༩༩༤ ནས་ ༢༠༠༤ བར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཟུང་དྲུང་དང་དྲུང་ཆེ།  དེ་ནས་ཚོགས་གཙོའི་འགན་ཁུར་ཞུས། ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༥ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་འཕགས་བོད་འབྲེལ་མཐུད་ཚོགས་པ་གསར་འཛུགས་ཞུས་པ་དང་། ད་ལྟའི་ཆར་བོད་མི་མིང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་གྱི་ལས་འགན་འཁུར་མུས་སུ་ཡོད།

ད་ལྟའི་ཆར་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་དངོས་སུ་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལང་མཁན་གསུམ་བྱུང་བའི་ལས་ཁོང་གསུམ་པ་དེ་ཆགས་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།