ཚོགས་པ་ལྔས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཟླ་འདིའི་ཚེས་༧ ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་པ་ལྔས་སྒྲོལ་དཀར་ཚེ་སྒྲུབ་ཀྱི་སྒོ་ནས་བརྟན་བཞུགས་ཕུལ་བ་དང་། ༧གོང་ས་མཆོག་གིས་”འབྱུང་འགྱུར་ལོ་ཉི་ཤུ་སུམ་ཅུ་ཕལ་ཆེར་བསྡད་ཀྱི་རེད” ཅེས་བཀའ་སློབ་གནང་སོང་།

བརྟན་བཞུགས་འབུལ་མཁན་དག་ནི་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་དང་གཞིས་བྱེས་རྒྱལ་བ་ཇོ་ནང་པ། མདོ་སྨད་མང་འབའ་བྱ་གསུམ། བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར། དེ་བཞིན་སིཌ་ནི་བོད་རིགས་མཐུན་ཚོགས་བཅས་ཡིན་པ་རེད།

སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། གང་ལྟར་ངོས་ལ་བྱང་ཆུབ་ཀྱི་སེམས་ཀྱི་མྱོང་བ་བཅོས་མ་ཞིག་སྐྱེས་ཡོད། བྱང་ཆུབ་སེམས་ཀྱི་མྱོང་བ་བཅོས་མ་ཞིག་ཡོད་པའི་ཐོག་ནས། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག་ཅེས་ངོས་ཀྱིས་ཉིན་རྒྱུན་སྨོན་ལམ་རྒྱག་གི་ཡོད། དེ་རིང་སྐབས་སུ་བབས་པར་ངོས་ལས་དང་སྨོན་ལམ་དང་འབྲེལ་བའི་རྒྱལ་དབང་གི་མིང་ཐོགས་སྡོད་མཁན་ཞིག་ལ་སྐྱེས། བོད་རྒྱ་ཆེའི་མི་མང་ལྟ་ཅི་སྨོས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་དེ་དག་གིས་མཐའ་གཅིག་ཏུ་དད་མོས་ཆེན་མོ་འདུག ཉེ་ཆར་ངོས་ཟངས་དཀར་དང་ལ་དྭགས་གླེ་སོགས་ས་ཁུལ་ཁག་ཁ་ཤས་ལ་ཕྱིན་པ་རེད། མི་མང་ཚོ་དད་འདུན་ཧ་ལས་པ་ཤུགས་ཆེན་མོ་རེད། འབྱུང་འགྱུར་མོན་ལ་ཡར་འགྲོ་རྒྱུ་འཆར་གཞི་འདིང་གི་ཡོད། འདི་གར་མོན་པ་ཁྱེད་ཚོ་ཁ་ཤས་བསླེབས་བསྡད་ཡོད་རེད། དངོས་གནས་དྲང་གནས་ཀྱི་དཔེ་དད་དམ་གཡོ་བ་མེད་པ་དེ་འདྲ་རེད། སྐྱེ་བ་འདི་གར་རང་ལ་མཐོང་ཆོས་སུ་མི་མང་པོ་ཞིག་གིས་དགའ་མོས་བྱས་ནས། ངས་བསྟན་པའི་ཞབས་འདེབས་འདྲ་བོ་གང་ལ་གང་འཚམ་སྒྲུབ་ཐུབ་པ་མིག་མཐོང་ལག་ཟིན་བྱས་ནས་ཡོད་པའི་སྐབས། ངོས་ཚེ་རིང་དུ་གནས་རྒྱུ་ལ་རྒྱུ་མཚན་ལྡན་པ་རེད་ལ། འཕེན་པ་གཏོང་གི་ཡོད། གང་ལྟར། ད་ལྟ་ལོ་བརྒྱད་ཅུ་གྱ་བདུན་རེད། ད་མུ་མཐུད་ནས་འབྱུང་འགྱུར་ཕལ་ཆེར་ངོས་ཀྱིས་དེ་འདྲ་བརྟག་དཔྱད་བྱེད་ཡོང་དུས། ལོ་བརྒྱ་དང་བཅུ་གྲངས་ཤིག་འཚོ་ཐུབ་རྒྱུའི་མཚན་མ་བརྟན་པོ་འདུག འབྱུང་འགྱུར་ལོ་ཉི་ཤུ་ལྷག་ངོས་འཚོ་ཐུབ་ཀྱི་རེད། དངོས་ཡོད་གནས་ཚུལ་ལ་ངོས་ཀྱིས་མི་མང་པོ་ལ་ཕན་ཐོགས་བྱེད་ཐུབ་ཡ། མདོར་ན་ནང་པ་མིན་མཁན་གྱི་མི་མང་ཞིག་ལ་ཡང་ཕན་ཐོགས་འདྲ་ཏོག་ཙམ་བྱེད་ཐུབ་ཡ་ཆགས་དུས། ནམ་མཁའ་མ་ཟད་ཀྱི་བར་དུ་འགྲོ་བའི་དོན་བྱེད་ཀྱི་ཡིན་ཟེར་ནས། སྨོན་ལམ་འདེབས་དམ་བཅའ་བཞག་སྡོད་མཁན་ཞིག་གིས་མཐོང་ཆོས་སུ་ཡང་ཚེ་འདི་རང་ལ་ཕན་ཐོགས་གང་ལ་གང་འཚམ་ཡོང་སྡོད་དུས། ཕན་ཐོགས་ཡོད་པའི་གོ་སྐབས་དེ་ག་ཚོད་རིང་རིང་འཚོ་ཐུབ་ཡ་དེ་རྒྱུ་མཚན་ལྡན་པའི་སྐད་ཆ་རེད། དེ་དག་ཆབ་སྲིད་ཀྱི་ལས་ཀ་དང་དཔལ་འབྱོར་གྱི་ལས་ཀ་འདྲ་བའི་སྐད་ཆ་མ་རེད། གང་ལྟར་གཞན་ཕན་གྱི་བློ་ལྷག་བསམ་དེ་འདྲ་ཞིག་སྐྱེས་ནས་གང་ལ་གང་འཚམ་གྱིས་ཕན་ཐོགས་ཡོང་ཐུབ་རྒྱུ་ཞིག་ཡིན་དུས། ཚེ་འདི་རིང་དུ་གནས་རྒྱུར་ངོས་ཀྱི་སྨོན་ལམ་འདེབས་ཀྱི་ཡོད། ཁྱེད་རང་ཚོས་ཀྱང་སྨོན་ལམ་སྐྱོན་ཤོག དེ་རིང་འདིར་སྒྲོལ་དཀར་གྱི་ཚེ་སྒྲུབ་དང་འབྲེལ་བའི་བརྟན་བཞུགས་གནང་གི་ཡོད་རེད། ལྷག་པའི་ལྷ་ཐུན་མོང་མ་ཡིན་པ་རེད། ངོས་ཀྱིས་སྒྲོལ་དཀར་གྱི་ཚེ་སྒྲུབ་ཉིན་ལྟར་འདོན་གྱི་ཡོད། དེ་རིང་འདིར་ཚེ་སྒྲུབ་གནང་ཡ། ཁྱེད་རང་ཚོས་སྨོན་ལམ་ཡག་པོ་ཞིག་སྐྱོན། ངོས་ཀྱང་ཕན་པ་རྡོ་རྗེ་ཕ་ལམ་ནང་བཞིན་འཕེན་པ་བརྟན་པོ་ཞིག་འཛིན་སྡོད་ཀྱི་ཡོད། ཁྱེད་རང་ཚོ་བློ་བདེ་བོར་བཞུགས། ཞེས་དང་།

དེབཞིན་༧གོང་ས་མཆོག་གིས་མུ་མཐུད་དུ་བཀའ་སློབ་སྩལ་དོན། ངོས་ལ་དྭགས་དང་ཟངས་དཀར་བོད་ཀྱི་ས་མཚམས་སུ། མི་ཚོ་ཧ་ལས་པའི་དད་པ་གཡོ་བ་མེད་སྡོད་མཁན་རེད། བོད་རྒྱ་ཆེའི་མི་མང་གི་ཆོས་དང་རིག་གཞུང་གཅིག་འགྱུར་ཡིན་པའི་ཆ་ནས། དད་པ་དམ་ཚིག་གཡོ་བ་མེད་པར་འདུག་བ། བོད་ནང་ལ་ཡོད་སྡོད་པའི་རྒྱ་ཆེའི་མི་མང་། ད་ལྟ་བཙན་དབང་གི་འོག་ཏུ་ཚུད་སྡོད་མཁན་གང་ལྟར་བརྒྱ་ཆ་བརྒྱ་ཐམ་པ་ངོས་ལ་དད་པ་དང་མོས་པ་ཡིད་ཆེད་རྩེ་གཅིག་ཡོད་སྡོད་པ་ཞིག་ཆགས་སྡོད་ཡོད། དེ་རིང་ཁ་སང་རྒྱ་ནག་གི་ནང་ཡིན་ན་ཡང་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན། ནང་ཆོས་བཤད་ཡོང་དུས། ཏྰ་ལའི་བླ་མ་དེ་སྔ་ལོག་སྤྱོད་པ་བཤད་བསྡད་པ་དེ་ལོག་སྤྱོད་པ་རང་རེད་མི་འདུག་བ་ཟེར་ཡ་ཞིག གང་ལྟར་དགའ་བོ་བྱེད་མཁན་མང་དུ་མང་དུ་འགྲོ་སྡོད་ཀྱི་འདུག བྱས་ཙང་། མཐོང་ཆོས་སུ་མི་མང་པོ་ལ་ཕན་གྱི་ཡོད་པ་ཡིན་དུས་ང་རང་འདི་གར་སྙིང་སྟོབས་འདྲ་སྐྱེས་ནས་ཚེ་ཡུན་དུ་བརྟན་པའི་ཐོག་ནས་འཕགས་ཡུལ་རྒྱ་གར་ཨ་ཅང་ཅང་། རྒྱ་ནག་དང་བོད་ཁ་བ་གངས་ཅན་པའི་མི་ཙམ་མ་ཡིན་པར་ཡུལ་ལྷ་གཞི་བདག་ཚང་མས་དངོས་གནས་དྲང་གནས་ངོས་ལ་དགའ་མོས་ཆེན་མོ་བྱས་ནས་ཡོད་སྡོད་པ། རྨི་ལམ་ནང་གནས་ཚུལ་གསལ་པོ་ཡོང་གི ད་ལྟ་དེར་ཁ་ཡོད་ལག་ཡོད་མི་ལ་ཕན་ཐོགས་ཡོང་སྡོད་ཡ། མི་ཙམ་མ་ཡིན་པ་ཡུལ་ལྷ་གཞི་བདག་ཚང་མས་ཞེ་བོ་དགའ་བོ་བྱེད་ཀྱི་འདུག བྱས་ཙང་། ངོས་མདོ་སྨད་ནས་སྐྱེས་པའི་ཨ་མདོ་ལྷ་མོ་དོན་གྲུབ་ཀྱིས་ལས་དང་། སྨོན་ལམ་གྱི་ཐོག་ནས་ལྷ་འདྲེ་མི་གསུམ་མང་པོ་ཞིག་ལ་ཕན་ཐོགས་ཡོང་བསྡད་པ་ཞིག་ཆགས་སྡོད་ཤག ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་ཀྱི་ཡིན་ཟེར་ནས་སྨོན་ལམ་འདེབས་ཀྱི་ཡོད་རེད་ལ་། ཁ་ཡོད་ལག་ཡོད་ཀྱི་མི་ཚེ་འདི་ལ་མཐོང་ཆོས་སུ་ལྷ་དང་ཀླུ་གཞི་བདག་མང་པོ་ཞིག་ལ་ཕན་གྱི་ཡོད་དུས། གཟུགས་པོ་ཡག་ཐག་ཆོད་ཡོད། ཉེ་ཆར་རང་ལྡི་ལི་སྨན་ཁང་ལ་བརྟག་དཔྱད་བྱས་པ་ཡིན་། ཡག་པོ་ཞེ་དྲག་འདུག་ཟེར། ག་གལ་མི་འདུག།པུས་མོ་ལ་ཏོག་ཙམ་དཀའ་ངལ་ཡོད་རེད་། དེ་མ་གཏོགས་གཟུགས་པོ་ཡག་པོ་ཞེ་དྲགས་འདུག་ཟེར། འབྱུང་འགྱུར་ལོ་ཉི་ཤུ་སུམ་ཅུ་ང་བསྡད་ཀྱི་རེད། པུས་མོ་ཏོག་ཙམ་མ་བདེ་བ་ཡོད་རེད། ཡིན་ན་ཡང་ཁ་བདེ་ཐག་ཆོད་བྱས་ནས་སྡོད་ཀྱི་རེད། ཁྱེད་རང་ཚོས་བརྟན་བཞུགས་གནང་ནས་སྨོན་ལམ་བཏབ་པ་རེད། ཁྱེད་རང་ཚོའི་སྨོན་ལམ་ཇི་ལྟར་བཏབ་པ་ནང་བཞིན་སྨོན་ལམ་དེ་དེ་བཞིན་གྲུབ་ཡ་ཕལ་ཆེར་ངས་ཚོད་ཐིག་གི་འདུག ཁྱེད་རང་ཚོ་ཚང་མ་བློ་བདེ་བོ་བྱས་ནས་བཞུགས། དེ་ནས་བཀྲ་ཤིས་བདེ་ལེགས་ཞུས་ཀྱི་ཡིན། ཞེས་གསུངས་སོང་།།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།