ཛ་དྲག་གི་འཛམ་གླིང་མངལ་གཏོར་གྲངས་འབོར་དང་། ༧སྐྱབས་མགོན་༧འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་གི་ཚེ་དབང་།
ན་ནིང་ལོ་སྟེ། 2014 ལོའི་ལོ་དཀྱིལ་ལ་བལ་ཡུལ་དུ་དབྱར་ཁའི་གུང་གསེང་ལ་སོང་། བདུན་ཕྲག་གསུམ་ཙམ་གྱི་དུས་ཚོད་སྟོང་པ་གང་ཡོད་པ་ཐམས་ཅད་རིང་ནས་འདྲིས་ཆེ་ཞིང་། ལོ་ཤས་ལ་མ་མཇལ་བའི་སྙིང་ཉེ་བའི་གྲོགས་ཕོ་མོ་རྣམས་དང་ལྷན་དུ་ཟ་བཏུང་ལ་རོལ། སྐད་ཆ་གསར་རྙིང་ཅི་རིགས་པ་བཤད་ནས་དལ་ལྷོད་དང་དགའ་སྤྲོའི་ངང་དུས་ཚོད་མཉམ་དུ་སྐྱེལ་བའི་ཁོག་རྩིས་བརྒྱབ།
ན་ནིང་ལོ་སྟེ། 2014 ལོའི་ལོ་དཀྱིལ་ལ་བལ་ཡུལ་དུ་དབྱར་ཁའི་གུང་གསེང་ལ་སོང་། བདུན་ཕྲག་གསུམ་ཙམ་གྱི་དུས་ཚོད་སྟོང་པ་གང་ཡོད་པ་ཐམས་ཅད་རིང་ནས་འདྲིས་ཆེ་ཞིང་། ལོ་ཤས་ལ་མ་མཇལ་བའི་སྙིང་ཉེ་བའི་གྲོགས་ཕོ་མོ་རྣམས་དང་ལྷན་དུ་ཟ་བཏུང་ལ་རོལ། སྐད་ཆ་གསར་རྙིང་ཅི་རིགས་པ་བཤད་ནས་དལ་ལྷོད་དང་དགའ་སྤྲོའི་ངང་དུས་ཚོད་མཉམ་དུ་སྐྱེལ་བའི་ཁོག་རྩིས་བརྒྱབ།
ཡ་མཚན་པ་ཞིག་ལ། ངའི་བསམ་བློའི་འཆར་གཞི་ནང་གུང་བསྒྲིགས་པའི་ཟང་ཟིང་དང་སྒྱིད་ལུག་ངང་བཏང་འདོད་པའི་བདུན་གསུམ་གྱི་གུང་གསེང་དེ་རེ་ཞིག་ཆོས་འབྲེལ་གྱི་གུང་གསེང་བྲེལ་ཟིང་ཅན་ཞིག་གི་རྣམ་པར་འགྱུར། དེར་བརྟེན། ཕྱོགས་གཅིག་ནས་བལྟས་ན་གུང་གསེང་ལ་ཡོང་དགོས་པའི་འཆར་གཞི་ངོ་མ་རྣམས་རྦད་དེ་འཁྲུགས་སོང་བ་ཞིག་ཏུ་མཐོང་བ་དང་། ཕྱོགས་གཞན་ཞིག་ནས་བསམ་ཚེ། དེང་དུས་ཀྱི་འཕྲུལ་ལས་དང་བརྡ་ཆད་རིག་པའི་བཀའ་དྲིན་ལ་བརྟེན་ནས་རི་ཆུ་སྟོང་གིས་བར་ཆོད་ཀྱང་གྲོགས་ཕོ་མོ་དང་དངོས་སུ་ཐུག་པ་ལྟར་ཕན་ཚུན་གྱི་གདོང་ཡང་བསྟན་ནས་གླེང་མོལ་བྱེད་ཆོག་པས་དམིགས་ཡུལ་དང་པོ་དེ་གནས་སྐབས་མ་འགྲུབ་ན་ཡང་སྐྱོན་མེད་པར་ངོས་འཛིན་བྱས།
ནུབ་ཕྱོགས་སུ་འཕྲུལ་ལས་རིག་པའི་ཆ་རྐྱེན་ཤར་ཕྱོགས་ལས་བཟང་མོད། འོན་ཀྱང་ཡུལ་མཐའ་འཁོབ་ཏུ་གནས་པ་ལྟར་མཁས་བཙུན་བཟང་གསུམ་གྱི་མཚན་ཉིད་ལྡན་པའི་བླ་མའི་མདུན་ནས་ནང་པའི་བཀའ་དབང་ཞུ་བའི་བགོ་སྐལ་ནི་ཧ་ཅང་ཕྲ་མོ་རེད། གལ་ཏེ་ཡོད་ཀྱང་སྤྱི་ཚོགས་ཕྱི་ནང་དང་། ཁོར་ཡུག་མི་འདྲ་བའི་འགལ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བཀའ་དབང་ཞུ་བའི་དུས་ཚོད་ནི་རག་ཁག་ཙམ་རེད། དེ་ནི་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་གནས་པའི་བོད་མི་སྤྱི་ལ་འཕྲད་བཞིན་པའི་གཅིག་མཚུངས་ཀྱི་དཀའ་ངལ་ཞིག་ཏུ་གྱུར་ཡོད།
ལུང་པ་གཞན་འགའ་ཤས་ནང་འབྱུང་བཞིན་པ་ལྟར། བལ་ཡུལ་གྱི་ཕྱི་ཟླ་ལྔ་པ་དང་དྲུག་པའི་གནམ་གཤིས་ཀྱི་ཚ་དྲོད་ཀྱིས་གཞུང་ལམ་ཐོག་བྱ་སྒོང་ཚོས་ཐུབ་ཀྱི་མེད་ཀྱང་། གཟབ་གཟབ་མ་བྱེད་ན། ཚ་རླབས་ཀྱི་ན་ཚ་ཕོག་ནས་སྲོག་ལ་ཉེན་ཁ་སྟེར་ཐུབ། འོན་ཀྱང་ངས་ནི་དེ་ཙམ་གྱི་ཉེན་ཁ་ལ་མ་འཛེམས་པར་ཧ་ཅང་ཚ་བའི་འོད་རླབས་དང་འཐབ་ནས་བཀའ་དབང་ཞུ་བའི་གསེར་ལས་རིན་ཆེ་བའི་གོ་སྐབས་གང་ཡོང་བ་རྣམས་འདོད་རྔམས་ཆེན་པོས་དམ་འཛིན་བྱས། བཀའ་དབང་ཞུས་ཚད་ཀྱིས་ང་ལ་སེམས་འགུལ་ཐེབས་པ་དང་། བག་ཆགས་གཏིང་ཟབ་མོ་བཞག་པ། ཡང་ན་ཁ་ཚ་དགོས་གཏུགས་ཀྱི་ཕན་ཐོགས་བྱུང་བ་ཞིག་ཡེ་ནས་མི་དྲན་ཡང་། བཀའ་དབང་ཅིག་གིས་ངའི་མི་ཚེ་ལ་འགྱུར་ལྡོག་ཆེན་པོ་ཞིག་བཟོ་སོང་བ་འདི་ངས་ད་ལྟ་དང་། མ་འོངས་པའི་མི་ཚེའི་ནང་ནམ་ཡང་སེམས་ཤུགས་དང་ལྷག་བསམ་དག་པའི་སྒོ་ནས་དྲན་གསོ་བྱ་རྒྱུ་རེད།
དེ་ནི་༧སྐྱབས་མགོན་༧འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ། མ་འོངས་པའི་༧སྐྱབས་མགོན་གོང་མ་རིན་པོ་ཆེ། ཚིག་གཞན་ཞིག་ཏུ་ཞུ་ན། འབྱུང་འགྱུར་གྱི་༧ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གནང་བའི་ཐང་སྟོང་རྒྱལ་པོའི་ཚེ་དབང་ལོ་བརྒྱ་མ་ཞུ་བའི་སྐབས་དེ་རེད། བལ་ཡུལ་རྒྱལ་ཡོངས་གསུང་རབས་སློབ་གཉེར་ཁང་(བལ་ཡུལ་དུ་ཡོད་པའི་ས་སྐྱའི་རྒྱལ་ཡོངས་སློབ་ཆེན་ཞིག) གི་ཐང་ཆེན་གྱི་དཀྱིལ་དུ་ཕུབ་པའི་ལྕགས་ཀྱི་ཀ་བ་རིང་པོས་ཡར་ཀྲོང་ངེར་བཏེགས་པ་དང་། མཐའ་སྐོར་ལ་ཚོན་ལྡན་གྱི་རས་ཀྱིས་བཏུམས་ཤིང་བསྐོར་བ། ཐོག་ལ་འགྱིག་ཤོག་སྔོན་པོས་བཀབ་པའི་བལ་ཡུལ་གྱི་ཡུལ་སྲོལ་གཤིས་ལུགས་ཀྱི་ཤུགས་རྐྱེན་ཆེ་བའི་གུར་ཆེན་གྱི་འོག་ཏུ་འུར་ཟིང་ངང་ཆོས་ཞུ་བ་སྟོང་ཚོ་བརྒལ་བ་ཞིག་ཕྱོགས་མཐའ་ནས་འཛོམས་ནས་འདུག
ཆོས་ཞུ་བ་ཕལ་ཆེ་བ་སྔ་ས་ནས་འབྱོར་བས་གདན་རེ་བཏིངས་ནས་སོ་སོར་བསྡད་ས་རེ་བཀག་འདུག མི་ཚོགས་ཆེ་བའི་སྟབས་ཀྱིས་ཕྱིས་སུ་སླེབས་མཁན་མང་ཆེ་བ་ཡར་ལངས་དགོས་འཁེལ་བ་དང་། ཡང་ན་སློབ་གཉེར་ཁང་གི་སྒོ་རའི་ཕྱི་ལ་བསྡད་པ་ལས་གདམ་ཀ་གཞན་ཞིག་ནི་མེད་ཚོད་དུ་འདུག ང་ལ་མཚོན་ན་བསྡད་ས་མ་རག་པ་དེ་སྐྱོན་ཆེན་པོ་ཞིག་མ་རེད། ངའི་ལག་ཏུ་དཔར་ཆས་ཆེ་མ་ཆུང་ཞིག་ཡོད་པ་དང་། དཔར་བརྒྱབ་པའི་རྣམ་དཔྱོད་དང་ལག་རྩལ་ཟེར་བ་དེ་ང་ལ་མེད་ཀྱང་ང་རང་དུས་རྒྱུན་དུ་དཔར་བརྒྱབ་པའི་བྱ་བཞག་ལ་ཧ་ཅང་དགའ། ད་དུང་ཆེད་ལས་པ་ཞིག་དང་འདྲ་བར་མིའི་མདུན་ལ་ཕར་རྒྱུག་ཚུར་རྒྱུག་བྱེད་ནས་མི་མང་པོ་ཞིག་ལ་སེམས་གཏིང་ནས་སུན་སྣང་ཡང་སྐྱེས་སུ་བཅུག་ཡོད་པར་ཐེ་ཚོམ་སྐྱེས་དགོས་དོན་མེད།
མི་ཚོགས་ཀྱི་དཀྱིལ་དུ་འཚང་ཀ་གང་ཙམ་བརྒྱབ་མཐར། སྔོན་བརྡ་ཞིག་ཀྱང་མེད་པར། གློ་བུར་དུ་གར་ཡོང་མི་ཤེས་པའི་རྒྱ་གླིང་གི་སྒྲ་སྙན་པོ་ཞིག་གྲགས་པ་དང་ལྷན་དུ་སྔར་བསྡད་ཟིན་པའི་མི་རྣམས་ཀྱང་གཅིག་ལས་གཅིག་མགྱོགས་ཀྱིས་ཡར་བླངས་ནས་ལག་གཉིས་ཐལ་མོ་སྦྱར་བ་དང་། མགོ་བོ་མར་སྒུར་སྒུར་བྱས་ནས་རིན་པོ་ཆེ་མཆོག་ཚ་རླབས་ཀྱིས་ཡོངས་སུ་གང་བའི་གུར་ཆེན་གྱི་ནང་དུ་ཕེབས་བསུ་ཞུས། རིན་པོ་ཆེའི་བཞུགས་ཁྲི་དེ་ནི་བཞུགས་ཁྲི་ནང་གི་བཞུགས་ཁྲི་ཧ་ཅང་དཀྱུས་མ་ཞིག་རེད། རིན་པོ་ཆེ་བཞུགས་ཁྲིའི་སྟེང་དུ་འཁོད་རྗེས་ཆོས་ཞུ་བ་ཚོས་དད་པའི་གུས་ཕྱག་ཕུལ་ནས་ང་མགྱོགས་ཁྱོད་མགྱོགས་ཀྱིས་མར་བསྡད། ངས་དཔར་ཆས་ཁོབ་ཏོ་དེ་དེ་སྔོན་བཞིན་ཡར་འཁུར་མར་འཁུར་དང་དཔར་ཕར་རྒྱབ་ཚུར་རྒྱབ་བྱས། དྲང་པོ་བཤད་ན། ང་ནི་ད་གིན་ལས་ཀྱང་བྲེལ་བ་ཅུང་ཆེ་རུ་ཕྱིན་སོང་། སྡུག་པ་ཞིག་ལ། ཚེ་དབང་གྲུབ་རྗེས་ངས་གུས་ཕྱག་འབུལ་རྒྱུ་དེ་བརྗེད་ཡོད་པ་གཞི་ནས་ཤེས། དེས་སོ་སོ་སོ་སོར་ངོ་མ་ངོ་གནོང་པའི་ཚོར་འདུན་ཞིག་སླེབས། ཐོག་ཁར་འགྱིག་གིས་བཀབ་པའི་གུར་གྱི་སྒང་ནས་ཉི་མས་དྲོད་ཕོག་པ་དང་། འོག་ལ་མི་མང་བས་གུར་ནང་གི་ཚ་བ་དེ་ཡང་ཇེ་ཆེར་སོང་།
༧སྐྱབས་མགོན་༧རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་བཞུགས་ཁྲིའི་སྟེང་ནས་ཡར་མར་དང་། གཡས་གཡོན་སོགས། ཕྱོགས་དང་མཚམས་ལ་ཞིབ་ཀྱིས་ལན་འགར་གཟིགས་རྗེས། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཚེ་དབང་ལོ་བརྒྱ་མ་གནང་བའི་དབུ་བརྩམས། འུར་ཟིང་ཅན་གྱི་གུར་ཆེན་དེ་རེ་ཞིག་སུ་དང་གང་ཡང་བསྡད་མེད་པ་ལྟར་ལྷིང་ཞིང་འཇགས་པར་གྱུར། འོན་ཀྱང་ངས་ད་དུང་དཔར་ཆས་ཀྱི་འཐེན་ཤེལ་དེ་འགུལ་བར་བྲེལ་འཚུབ་བྱས། རིན་པོ་ཆེ་མཆོག་གི་ཐོག་མར་མི་དམངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་སོགས། ཚེ་དབང་དང་འབྲེལ་བའི་བཀའ་སློབ་རིན་ཐང་དང་བྲལ་བ་ཞིག་གནང་སོང་བ་དེས་ངའི་ལུས་ཡོངས་རྫོགས་གྲང་ཤུམ་ཤུམ་དང་སེམས་པའི་གཏིང་ལ་ཚ་བིར་བིར་ཞིག་བཟོས། གསུང་དེ་ཐོས་རྗེས་ཅི་ཞིག་མེད་པ་ཆགས་སོང་བ་ལྟར་དཔར་ཆས་མདོག་ཉེས་པོ་དེ་མུ་མཐུད་དུ་འགུལ་བའི་སེམས་ཀྱི་དང་ག་དེ་རྦད་དེ་བརླགས་ནས་ཁོང་གི་ཟབ་པ་དང་རྒྱ་ཆེ་བའི་བཀའ་སློབ་དེའི་ཐད་བསམ་གཞིག་མང་པོ་ཞིག་མ་བྱེད་མཐུ་མེད་དུ་གྱུར། དགོང་དྲོ་སྡོད་གནས་ལ་འཁོར་རྗེས་དང་ཉལ་སའི་ནང་ལ་འགྱེལ་དུས་ཀྱང་བརྗོད་གཞི་དེ་ཡང་ནས་སྐྱར་དུ་སེམས་པའི་ནང་ལ་འཁོར་ནས་ཡོང་། དེས་མ་ཚད་དབྱིན་ཡུལ་ལ་ཚུར་ལོག་རྗེས་ཀྱང་དྲྭ་ཐོག་ནས་དེའི་སྐོར་ལ་ཞིབ་འཇུག་ཐར་ཐོར་རེ་ཡང་བྱས།
བོད་པའི་སྤྱི་ཚོགས་ནང་ཚེ་དབང་ཞུ་བའི་རིག་གཞུང་འདི་དར་སྲོལ་ཆེ་བ་དང་། བོད་པ་གཞན་དང་སྤྱི་མཚུངས་ལྟར་ང་ལ་ཡང་ཆུང་བྱིས་པའི་དུས་ནས་དུས་ད་ལྟ་ལ་མ་ཐུག་གི་བར་བླ་མ་དང་རིན་པོ་ཆེ། མཁན་པོ་སོགས་དམ་པ་དུ་མའི་མདུན་དུ་ཚེ་དབང་མི་ཉུང་བ་ཞིག་ཞུ་པའི་སྐལ་བཟང་གི་ཉི་མའི་འོད་མདངས་འཕྲོས་མྱོང་། འོན་ཀྱང་ཐེངས་འདི་ཡི་ཚེ་དབང་ནི་ཚེ་དབང་གཞན་དང་མ་འདྲ་བའི་དམིགས་བསལ་གྱི་བྱིན་རླབས་ཅན་གྱི་ཚེ་དབང་ཞིག་སྟེ། ཚེ་དབང་གནང་བ་པོ་གཞན་ནས་ཐོབ་མ་མྱོང་བའི་གསུང་གི་མན་ངག་རླབས་ཆེན་ཞིག་ང་ཡི་སེམས་སུ་ཆུ་ལ་འོ་མ་བཞིན་གཏན་ཏུ་ཐིམ་ཡོད་པས་སོ།
དེ་ཡང་༧སྐྱབས་རྗེ་རཏྣ་བཛྲ་རིན་པོ་མཆོག་གིས་མི་དམངས་ཚོ་འདིར་ཡོང་ནས་ཚེ་དབང་ཞུ་བ་དེའི་དགོས་དམིགས་དེ་རང་ཉིད་ཙམ་མ་ཡིན་པར་གཙོ་བོ་གཞན་གྱི་ཚེ་བསྲིང་བར་བྱེད་པ་དང་སྲོག་སྐྱོབ་པར་བྱེད་དགོས་པར་ཐབས་སྣ་ཚོགས་སྤྱད་ནས་འབད་དགོས་པར་གདམས། ཁོང་གིས་གཟབ་ནན་གྱིས་” ང་ཚོས་ནམ་རྒྱུན་འཛམ་བུའི་གླིང་དུ་དམག་འཁྲུག་དང་ནད་ཡམས། མུ་གེ་དང་རང་བྱུང་གོད་ཆགས་ཀྱིས་མི་མང་པོའི་ཚེ་སྲོག་འཕྲོག་པར་སེམས་ཁྲལ་དང་འཇིགས་སྣང་ཆེན་པོ་སྐྱེས་བཞིན་ཡོད། དེའི་སྐོར་རྒྱལ་ཁབ་དང་རྒྱལ་ཁབ་བར། ཚོགས་པ་དང་ཚོགས་པའི་བར། དབུ་ཁྲིད་དང་དབུ་ཁྲིད་ཀྱི་བར་སོགས་ཚོགས་འདུ་སྐོང་ཚོགས་དང་བགྲོ་གླེང་བྱེད་པ་སོགས་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་དང་། དེ་ལྟ་བུའི་དཀའ་ངལ་རྣམས་སེལ་བའི་དོན་དུ་དམག་དཔུང་དང་། སྨན་རིགས། དེ་བཞིན་དཔལ་འབྱོར་གྱི་འགྲོ་གྲོན་ཡང་ཤིན་ཏུ་ཕོན་ཆེན་པོ་བཏང་དང་གཏོང་བཞིན་པ་རེད། འོན་ཀྱང་ཨ་མའི་ཁོག་པ་ནང་མངལ་ཤོར་བ་དང་། མངལ་གཏོར་བ་འདི་འཛམ་གླིང་ནང་གི་གནས་ཚུལ་ཛ་དྲག་ཤོས་ཤིག་ཡིན་པ་འདི་ཚང་མས་སྣང་མེད་དུ་བཞག་ནས་ལོ་རེར་ཨ་མའི་མངལ་ནས་ཕྲུ་གུ་ས་ཡ་བཞི་བཅུ་ནས་ལྔ་བཅུ་བར་40,000,000 ནས་50,000,000 ཡས་མས་ཤིག་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད། དེ་ནི་དམག་དང་མུ་གེ ནད་ཡམས་འདྲ་མིན་དང་། དེ་བཞིན་རང་བྱུང་གོད་ཆགས་སོགས་སུ་ཚེ་སྲོག་ཤོར་བའི་གཤིན་པོའི་གྲངས་འབོར་ཆ་ཚང་བསྡོམས་པ་ལས་ཀྱང་ལྡབ་འགའ་མང་བར་གྱུར་ཡོད། ཡིད་སྐྱོ་བའི་གནས་བབ་འདི་ལ་ད་ལྟའི་ཕ་མ་དང་། འབྱུང་འགྱུར་གྱི་ཕ་མ་ཚོས་ཅི་ནས་ཀྱང་ཐུགས་སྣང་གནང་དགོས་པ་དང་། གལ་སྲིད་མངལ་འཁོར་ན། སྒེར་པའི་མི་ཚེ་དང་སྤྱི་ཚོགས་འཚོ་བའི་དཀའ་ངལ་ཆུང་ངུ་ལ་གདུང་ལེན་བྱེད་དགོས་པ་དང་། མངལ་གཏོར་བའི་ལས་ལ་ནམ་ཡང་ཞུགས་མི་རུང་།” ཞེས་གསུངས་པའི་བཀའ་སློབ་ཀྱི་དུམ་བུ་དེ་ནི་དུས་རབས་འདིའི་ནང་གི་ཧ་ཅང་ལྐོག་འགྱུར་གྱི་གནས་ཚུལ་ཛ་དྲག་པོ་ཞིག་མངོན་དུ་འགྱུར་བར་བྱེད་པའི་རྨད་བྱུང་གི་ལེགས་བཤད་གསར་པ་ཞིག་ཏུ་འཁུམས་སོ།
གསུང་འདི་བདེན་པ་བདེན་རྐྱང་ཡིན་པ་མ་ཟད། ལེགས་བཤད་འདིས་རིན་པོ་ཆེ་མཆོག་གི་ཁྱད་དུ་འཕགས་པའི་མཛད་དཔྱོད་དང་འཇིག་རྟེན་ཀུན་ཁྱབ་ཀྱི་ཐུགས་ཁུར་ཡང་གསལ་པོར་མཚོན་འདུག་པ་ཟུར་བལྟས་ལེབ་མཐོང་རེད། 2013 ལོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་པར་གཞིགས་ན། ལོ་རེའི་འཛམ་གླིང་གི་མངལ་ཤོར་དང་མངལ་གཏོར་གྱི་གྲངས་འབོར་ནི་ས་ཡ་40 (40,000,000) ནས་50 (50,000,000) བར་ཡིན་པ་དང་། དེ་ཆ་སྙོམ་བྱེད་ན་ཨ་མ་ཚོའི་ཁོག་པའི་ནང་ནས་ཉིན་རེར་ཚེ་སྲོག་ཅིག་འབུམ་ཉིས་ཁྲི་ལྔ་སྟོང་(125,000) རེ་འཕྲོ་བརླག་འགྲོ་བཞིན་ཡོད།
འཛམ་གླིང་དམག་ཆེན་གཉིས་པའི་འཐབ་འཁྲུག་གི་སྐབས་སུ་མི་ས་ཡ་60 (60,000,000) ཙམ་གྱིས་གཅེས་པའི་ཚེ་སྲོག་ཤོར་བ་དེ་འགྲོ་བ་མིའི་ལོ་རྒྱུས་ནང་མིའི་ཤི་སྐྱོན་གྱི་གོད་ཆག་ཆེ་ཤོས་ཀྱི་དམག་འཁྲུག་དོན་རྐྱེན་ཞིག་རེད་ཟེར་ན་ཡང་། འདས་པོ་ས་ཡ་60 (60,000,000)དེ་དམག་ཆེན་གཉིས་པའི་དུས་ཡུན་ལོ་བཞི་ལ་བགོས་ན། ལོ་རེར་མི་ས་ཡ་15 (15,000,000)རེ་མ་གཏོགས་ཤི་མེད། དེ་ཐད་ཀར་ལོ་རེའི་མངལ་གཏོར་གྱི་གྲངས་འབོར་དང་བསྡུར་ན་ཧ་ཅང་ཉུང་ཉུང་རེད། ད་དུང་དཔེར་ན་རྒྱ་ནག་དང་བྱང་ཨ་ཧྥ་རི་ཀ། ལྷོ་ཨ་མི་རི་ཀ་དང་རྒྱ་གར་སོགས། མི་འབོར་མང་ས། སྐྱེས་སྒོ་འགོག་ས། མཐུན་རྐྱེན་སྐྱོ་ས། ཁྲིམས་སྒྲིག་བཙན་སའི་ལུང་པ་མང་པོར་འབྱུང་བཞིན་པའི་མངལ་གཏོར་ལས་འགུལ་རྣམས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོ་རྭ་བའི་ནང་ལྷུང་མེད་པའི་གསང་བའི་མངལ་གཏོར་གྱི་གྲངས་འབོར་ཕོན་ཆེན་པོ་ཞིག་ཏན་ཏན་སྦས་སྐུང་བྱས་ཡོད་སྲིད་པ་ཞིག་རེད།
དབྱིན་ཇིའི་གསར་ཁང་ཞིག་གི་ཞིབ་འཇུག་གྲུབ་དོན་ལྟར་ན། 2014 ལོར་འཛམ་གླིང་དུ་ཁྱོན་བསྡོམས་པའི་དམག་འཁྲུག་42 ཙམ་དངོས་སུ་བྱུང་ཡོད་པ་ལས་དམག་འཁྲུག་དོན་རྐྱེན་ཁྲོད་ཤི་སྐྱོན་180,000 ཙམ་མ་གཏོགས་བྱུང་མེད་པའི་ངེས་པ་རྙེད། དེ་ནི་སྲོག་སྐྱོན་གྱི་གྲངས་འབོར་ཆ་ནས་ཆེན་པོ་ཞིག་ཡིན་ན་ཡང་། སྤྱིའི་མངལ་གཏོར་གྱི་གྲངས་འབོར་དང་བསྡུར་ཚེ་ཧ་ཅང་ཉུང་ཉུང་རེད། རྒྱུ་མཚན་ནི། ལོ་གཅིག་གི་དམག་འཁྲུག་ཤི་སྐྱོན་ནི་ཉིན་གཅིག་གི་མངལ་གཏོར་གྱི་གྲངས་འབོར་ཙམ་དང་ཡང་ན་དེའི་སྤྱིའི་བརྒྱ་ཆ་0.3% ཙམ་རེད་འདུག ད་དུང་བཅོས་ཐབས་ཆེས་མེད་པའི་སྐྲན་ནད་དང་། བཅོས་ཐབས་ཡོད་པའི་གློ་ནད། དེ་བཞིན་དུག་སྦྲག་ནད་སོགས་དང་གཤིབ་བསྡུར་བྱ་ཡུལ་ཧ་ཅང་མང་ཡང་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱེད།
དེས་ན་ཐེངས་དེའི་གུང་གསེང་དེའི་སྐབས་སུ་ཞུས་པའི་ཚེ་དབང་དེས་ང་ལ་སྟེར་བ་ནི། སྐབས་རེ་འཚང་ག་དང་མི་གྲངས་མང་བའི་དབང་གིས་ལག་ཏུ་ལོན་དཀའ་བའི་ཚེ་རིལ་ངོ་མ་ཞིག་སྟེ། ༧སྐྱབས་རྗེ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་གནང་བའི་མངལ་གཏོར་དང་འབྲེལ་བའི་གསུང་བཤད་དུམ་བུ་དེ་རེད། ཚེ་དབང་གི་སྙིང་པོ་ངོ་མ་ནི་ཁ་ནང་ཚེ་རིལ་གཅིག་མིད་པ་དང་། བླ་མའི་མདུན་ནས་སོ་སོའི་མགོ་ལ་ཕྱག་དབང་ཙམ་ཞུ་པ། སྐེ་ལ་སྲུང་མདུད་རེ་བཏགས་པ་ཙམ་མ་ཡིན་པར། བླ་མའི་བཀའ་སློབ་ལམ་སྟོན་གང་གནང་བ་ཁག་ཉན་ནས་དེ་ངེས་པར་དུ་ལག་ལེན་དུ་བསྟར་དགོས་པ་ལས་ནང་ལ་ལོག་ཚར་རྗེས་ཐམས་ཅད་བརྗེས་ནས་མུ་མཐུད་དུ་རྒྱུན་ལྡན་གྱི་མ་རུངས་པའི་ལས་ངན་ལ་འཇུག་མི་རིགས་པ་ཞིག་ཡིན་པ་འདྲ།།
མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་ ༢༠༡༥ ལོའི་ཟླ་བ་ ༠༧ ཚེས་ ༢༦ རེས་གཟའ་ཉི་མར་བྲིས།།