འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོ་དང་འབྲེལ་བའི་གནས་ཚུལ་ཁག་ཅིག

ཟླ་༡༡ ཚེས་༢༠ ནས་ཉིན་༢༩ རིང་གི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཉིད་དཀྱིལ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁ་ཐར་གྱི་ནང་དུ་འཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ཁྲོད་དུ་རྒྱལ་ཁབ་༣༢ ཡི་རྐང་སྤོལ་རུ་ཁག་མཉམ་ཞུགས་ཀྱིས་འགྲན་བསྡུར་༦༥ བྱེད་རྒྱུ་རེད་འདུག

ཁ་ཐར་ནི་མི་འབོར་ས་ཡ་༢.༩ ལྷག་ཙམ་ཡོད་པའི་ཁ་ཆེའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པ་མ་ཟད། མི་འབོར་བརྒྱ་ཆ་༡༥% ཙམ་མ་གཏོགས་མི་མང་ཆེ་བ་ནི་རྒྱ་གར་དང་བལ་ཡུལ། ཤྲི་ལང་ག་དང་བྷང་ལ་དྷེ་ཤེ་སོགས་ནས་ཡོང་མཁན་ཡིན་པ་དང་། ཁ་ཐར་གྱི་མི་འབོར་བརྒྱ་ཆ་༨༢% ཙམ་ནི་ཁ་ཐར་གྱི་རྒྱལ་ས་སྒྲོ་ཧ་(Doha) ཡི་ནང་ལ་གནས་སྡོད་བྱེད་ཀྱི་ཡོད་འདུག  ཁ་ཐར་ནི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ནང་མཉམ་ཞུགས་བྱས་པ་ད་ལོ་ཐོག་མ་ཆགས་ཡོད་འདུག ཁ་ཆེའི་རྒྱལ་ཁབ་ཅིག་ཏུ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོ་ཚོགས་པ་ཐོག་མ་དེ་ཆགས་ཡོད་འདུག་ལ། ད་བར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཚོགས་སའི་རྒྱལ་ཁབ་ཆུང་ཤོས་དེ་ཡང་ཁ་ཐར་ཆགས་ཡོད་འདུག

འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོ་ནི་ལོ་ལྟར་ཟླ་བ་ལྔ་པ་དང་དྲུག ཡང་ན། ཟླ་བ་བདུན་པ་བཅས་ཀྱི་ནང་ལ་ཚོགས་ཀྱི་ཡོད་ན་ཡང་། གནམ་གཤིས་དང་ཁོར་ཡུག་གི་རྐྱེན་གྱིས་ལོ་འདིའི་ཟླ་བ་བཅུ་གཅིག་དང་བཅུ་གཉིས་ནང་ལ་འཚོགས་བཞིན་ཡོད་པར་བརྟེན། དུས་ཚོད་ཀྱི་ཆ་ནས་རྩེད་འགྲན་དེ་ཉིད་ལོ་མཇུག་དང་། ཡང་ན་དགུན་དུས་སུ་ཚོགས་པ་ཐོག་མ་དེ་ཆགས་ཡོད་འདུག

ཕྱི་ལོ་༢༠༡༨ ལོར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོ་དེ་ཨུ་རུ་སུ་ལ་ཚོགས་ཡོད་ན་ཡང་། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་དབང་གིས་རྒྱལ་སྤྱིའི་རྐང་སྤོལ་ཚོགས་པས་(FIFA)་ཨུ་རུ་སུ་ཐེངས་འདིའི་རྩེད་འགྲན་ནང་མཉམ་ཞུགས་བྱེད་པར་བཀག་སྡོམ་བྱས་ཡོད་འདུག

ཁ་ཐར་གྱིས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཆེད་དུ་སྨན་ཁང་དང་རྩེད་ར། གཞུང་ལམ་དང་གནམ་ཐང་སོགས་འཛུགས་བསྐྲུན་གྱི་དོན་དུ་ཁྱོན་བསྡོམས་ཨ་སྒོར་ཐེ་འབུམ་$༢༠༠ ལྷག་གིས་འགྲོ་སོང་བཏང་ཡོད་འདུག་པས། ད་བར་རྩེད་འགྲན་གྱི་ཆེད་དུ་འགྲོ་སོང་མང་ཤོས་གཏོང་མཁན་དེ་ཆགས་ཡོད་འདུག

ཁ་ཐར་གྱིས་གྲོང་ཁྱེར་ལྔ་ཡི་ནང་ལ་ཨ་སྒོར་ཐེ་འབུམ་$༨-༡༠ གྱིས་འགྲོ་སོང་བཏང་ནས་རྐང་རྩེད་སྤོ་ལོའི་རྩེད་ར་བརྒྱད་འཛུགས་བསྐྲུན་བྱས་ཡོད་འདུག་ལ། ཁ་ཐར་དུ་ལྟད་མོ་བ་ས་ཡ་༡.༢ ལྷག་ཡུལ་དངོས་སུ་སླེབས་ཡོད་པ་ཚོད་དཔག་བྱེད་བཞིན་འདུག

ཕྱི་ལོ་༡༩༣༠ ལོ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་ཐོག་མ་དེ་རྩེས་ཡོད་པ་དང་། སྐབས་དེའི་རྩེད་མོའི་རྒྱལ་ཁ་ནི་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཡུ་རུ་གྷེ་ ( Uruguay ) ལ་ཐོབ་ཡོད་འདུག། དུས་དེ་ནས་བཟུང་ལོ་བཞི་རེའི་མཚམས་སུ་ཐེངས་རེ་རྩེད་སྲོལ་ཡོད་ན་ཡང་། འཛམ་གླིང་དམག་ཆེན་གཉིས་པའི་རྐྱེན་གྱིས་ཕྱི་ལོ ༡༩༤༢ དང་ ༡༩༤༦ གཉིས་ལ་རྩེད་མོ་འགྲན་བསྡུར་བྱེད་ཐུབ་མེད་པ་རེད་འདུག ཕྱི་ལོ ༡༩༥༠ ལོར་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བྷར་ཛིལ ( Brazil ) གྱིས་རྩེད་འགྲན་གོ་སྒྲིག་བྱས་ཡོད་པ་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི  ( france ) དང་འཇར་མན་(Germany ) ཨི་ཊ་ལི (Italy ) བཅས་ཀྱིས་ཐེངས་གཉིས་རེར་རྩེད་འགྲན་གོ་སྒྲིག་བྱས་འདུག  དེ་བཞིན་སི་པེན( Spain ) དང་དབྱིན་ཡུལ། ཨར་འཇན་ཊི་ན་( Argentina )  སོགས་ཀྱིས་ཐེངས་གཅིག་རེར་གོ་སྒྲིག་བྱས་འདུག ལྷག་པར་དུ་ཕྱི་ལོ་ ༢༠༠༢ ལོའི་རྩེད་འགྲན་དེ་ཉི་ཧོང་དང་ལྷོ་ཀོ་རི་ཡར་ཚོགས་ཡོད་པ་དང་། དེ་ནི་ཨེ་ཤི་ཡའི་ནང་དུ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོ་ཡི་རྩེད་འགྲན་ཚོགས་པ་ཐོག་མ་དེ་ཆགས་ཡོད་འདུག ད་ལོ་ཨེ་ཤི་ཡའི་རྒྱལ་ཁབ་ཁ་ཐར་གྱི་ནང་འཚོགས་བཞིན་ཡོད་པས་འདི་ནི་ཨེ་ཤི་ཡའི་ནང་དུ་རྩེད་འགྲན་དེ་ཉིད་ཚོགས་པ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།