ཝ་ཤིན་ཌོན་དུ་རོལ་དབྱངས་མཚན་ཚོགས་སྐབས་མེ་མདའ་གང་བྱུང་བརྒྱབ་འདུག
ཟླ་འདིའི་ཚེས་༢༠ ཉིན་གྱི་མཚན་མོར་ཨ་རིའི་ཝ་ཤིན་ཌོན་ས་གནས་ (U Steer Northwest) སུ་རོལ་དབྱངས་འདུ་འཛོམས་སྐབས། མི་མང་ནང་དུ་གང་བྱུང་མེ་མདའ་བརྒྱབ་ནས་ལྟད་མོ་བ་མང་པོར་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ས་གནས་ཉེན་རྟོག་པ་གཅིག་ལ་ཡང་མེ་མདའ་ཕོག་ཡོད་འདུག
ཟླ་འདིའི་ཚེས་༢༠ ཉིན་གྱི་མཚན་མོར་ཨ་རིའི་ཝ་ཤིན་ཌོན་ས་གནས་ (U Steer Northwest) སུ་རོལ་དབྱངས་འདུ་འཛོམས་སྐབས། མི་མང་ནང་དུ་གང་བྱུང་མེ་མདའ་བརྒྱབ་ནས་ལྟད་མོ་བ་མང་པོར་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ས་གནས་ཉེན་རྟོག་པ་གཅིག་ལ་ཡང་མེ་མདའ་ཕོག་ཡོད་འདུག
ད་རེས་དོན་རྐྱེན་བྱུང་ཡུལ་གྱི་ས་གནས་ཝ་ཤིན་ཌོན་ས་གནས་ (14th and U Street) ནང་དུ་རོལ་དབྱངས་མཚན་ཚོགས་སྐབས་བྱུང་བ་ཞིག་ཡིན་པ་མ་ཟད། ཐེངས་འདིའི་མེ་མདའ་དོན་རྐྱེན་འོག་ལྟད་མོ་བ་དང་ས་གནས་ཉེན་རྟོག་གཅིག་བཅས་ལ་མེ་མདའ་ཕོག་ནས་རྨས་སྐྱོན་གཏོང་ཡོད་པ་མ་ཟད། ད་ལྟའི་ཆར་མེ་མདའི་རྒྱག་མཁན་གང་ཟག་སུ་ཡིན་ཁ་གསལ་ཤེས་རྟོགས་བྱུང་མེད་འདུག
དེ་བཞིན་དོན་རྐྱེན་དེའི་སྐབས་ཉེན་རྟོག་པ་གཅིག་ལ་རྨས་ཕོག་ཡོད་པའི་གནས་ཚུལ་ཁུངས་ལྡན་ཡིན་པ་ཝ་ཤིན་ཌོན་ས་གནས་ཉེན་རྟོག་ལས་ཁུངས་ཀྱི་ཀྲུ་ཌར་དྲ་རྒྱའི་ཐོག་སྤེལ་ཡོད་པ་དང་། རྨས་སྐྱོན་ཕོག་པའི་ཉེན་རྟོག་པ་དེ་ས་གནས་ཀྱི་སྨན་ཁང་དུ་སྨན་བཅོས་བྱས་པ་བརྒྱུད་ད་ལྟ་ཁོང་གི་གནས་སྟང་ཡག་པོ་ཡོད་འདུག
ཨ་རི་ནི་འཛམ་གླིང་ནང་མེ་མདའི་དོན་རྐྱེན་བྱུང་ཡུལ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཉེ་ཆར་ཕྱི་ཟླ་༥ ནང་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཀྲེག་སེ་སི་ཡི་གཞི་རིམ་སློབ་གྲྭ་ཞིག་ཏུ། རང་ལོ་ ༡༨ ཡིན་པའི་གཞོན་སྐྱེས་ཤིག་གིས་མེ་མདའ་གང་བྱུང་བརྒྱབ་ནས་བྱིས་པ་དང་དགེ་རྒན་ཚུད་པའི་མི་གྲངས་༢༡ ལྷག་བསད་ཡོད་པ་མ་ཟད། ཕྱི་ཟླ་༦ ནང་དུ་བསྐྱར་དུ་མེ་མདའི་དོན་རྐྱེན་འོག་ཨ་རིའི་ཨོག་ལ་ཧོ་མ་མངའ་སྡེའི་ཏུལ་ས་གྲོང་ཁྱེར་གྱི་སྨན་ཁང་དུ་གང་བྱུང་མེ་མདའ་བརྒྱབ་ནས་མི་གྲངས་༤ བསད་པའི་གནས་ཚུལ་ཐོན་ཡོད།
ལོ་ལྟར་ཨ་རིའི་ནང་མེ་མདའི་དོན་རྐྱེན་འོག་མི་མང་པོའི་ཚེ་སྲོག་ཤོར་གྱི་ཡོད་པར་བརྟེན། མི་མང་གི་ཨ་རིའི་གཞུང་ནས་མེ་མདའ་ཉོ་ཚོང་ཐད་ལ་སྟངས་འཛིན་དགོས་པའི་རེ་འདུན་བྱེད་བཞིན་ཡོད་པ་དང། ཨ་རིའི་སྲིད་འཛིན་བྷ་ཌན་གྱི་ཕར་རྒོལ་རང་བཞིན་གྱི་མཚོན་ཆ་གཏན་འགོག་བྱེད་དགོས་པ་ནན་བཤད་བྱས་ཡོད་པ་མ་ཟད། ཁོང་གིས་མུ་མཐུད་གསུང་དོན་ལ། “ང་ཚོས་ཕར་རྒོལ་རང་བཞིན་གྱི་མཚོན་ཆ་ཁག་བཀག་སྡོམ་བྱེད་དགོས། གལ་ཏེ་ང་ཚོས་བཀག་སྡོམ་བྱེད་མ་ཐུབ་ཚེ་ང་ཚོས་ཉོ་སྒྲུབ་བྱེད་མཁན་དེ་དག་གི་ལོ་ཚད་དེ་ལོ་༡༨ ནས་ལོ་༢༡ བར་མཐོ་རུ་གཏོང་དགོས་པ་མ་ཟད། ཤོང་ཚད་ཆེ་བའི་མདེའུ་ཤུབ་ཉོ་ཚོང་ལ་བཀག་སྡོམ་དགོས་པ་དང་ཉོ་མཁན་གང་ཟག་དེ་དག་གིས་རྒྱབ་ལྗོངས་ལ་ཞིབ་བཤེར་བྱེད་དགོས་པ། དེ་བཞིན་མེ་མདའ་བཟོ་མཁན་གྱི་ལག་ཁྱེར་རྩིས་མེད་བཟོས་ནས་བཟོ་སྐྲུན་ལ་བཀག་སྡོམ་དགོས།” ཞེས་གསུངས་འདུག
དེ་ཡང་ཨ་རིའི་སྲིད་འཛིན་རིམ་པས་ཨ་རིའི་ནང་མེ་མདའ་ཉོ་ཚོང་ཐད་ལ་གྲོས་དོན་ཐེངས་མང་བྱས་ཀྱང་ལམ་ལྷོངས་བྱུང་མེད་པ་མ་ཟད། ལོ་ལྟར་ཨ་རིའི་ནང་མེ་མདའི་དོན་རྐྱེན་འོག་མི་གྲངས་ཁྲི་མང་པོའི་ཚེ་སྲོག་ཤོར་བཞིན་ཡོད་པ་དང་། དེ་བཞིན་བྷི་བྷི་སི་གསར་ཁང་གིས་སྙན་ཐོ་ཞིག་ནང་། ཕྱི་ལོ་༡༩༦༨ ནས་༢༠༡༧ ལོའི་བར་མི་གྲངས་ས་ཡ་༡་༥ ལྷག་གི་ཚེ་སྲོག་མེ་མདའི་དོན་རྐྱེན་འོག་ཤོར་ཡོད་པ་དང་། དེ་ནི་ཕྱི་ལོ་༡༧༧༥ ལོའི་ཨ་རིའི་རང་བཙན་དམག་འཁྲུག་ནས་བཟུང་དམག་སར་ཚེ་སྲོག་ཤོར་བའི་དམག་མིའི་མི་གྲངས་ལས་མང་བ་ཡོད་པ་མ་ཟད། ཕྱི་ལོ་༢༠༢༠ ལོ་ཁོ་ནར་ཨ་རིའི་མི་སེར་༤༥༠༠༠ ལྷག་གི་ཚེ་སྲོག་མེ་མདའི་འོག་ཤོར་ཡོད་པ་དེ་ནི་ལོ་གཞན་གྱི་ཟིན་ཐོ་ལས་མང་དུ་འགྱུར་ཡོད་པ་མ་ཟད། གྲངས་འབོར་དེ་ལོ་ལྔའི་གོང་ལས་བརྒྱ་ཆ་༢༥% འཕར་ཡོད་པ་དང་༢༠༡༠ ལོ་ལས་༤༣% འཕར་ཡོད་པ་བརྗོད་འདུག
གསར་འགོད་པ་ཆོས་གྲགས།