ཞི་ཅིང་ཕིང་བཟང་བཙོན་དུ་བཅུག་ཡོད་དམ།
ཟླ་འདིའི་ཚེས་༢༥ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དུ་མའི་ནང་དུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་བཟང་བཙོན་དུ་བཅུག་ཡོད་པའི་དོགས་པ་དང་རྒྱ་ནག་གི་ནང་དུ་གནམ་གྲུ་བརྒྱ་ཕྲག་ཁ་ཤས་འཕུར་བསྐྱོད་བྱེད་མ་བཅུག་པ་ཕྱིར་འཐེན་བྱས་ཡོད་རབས་ཀྱི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༦ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཧྲང་ཧེ་མཉམ་ལས་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་ལ་ཕྱིན་ཡོད་པ་དང་། ཚོགས་འདུ་ཚར་ནས་རྒྱ་ནག་ཏུ་ལོག་རྗེས་ནས་བཟུང་ཞི་ཅིང་ཕིང་མི་མང་གི་མདུན་དུ་མཐོང་རྒྱུ་མེད་པ་ཆགས་ཡོད་པས་མི་མང་པོས་ཞི་ཅིང་ཕིིང་ད་ལྟའི་ཆར་བཟང་བཙོན་དུ་བཅུག་ཡོད་པའི་དོགས་པ་དང་། ལྷག་པར་དུ་སྲིད་འཛིན་གྱི་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་དང་། ཁོང་གི་ཚབ་ཏུ་ལི་ཁྱབ་མིག་(Li Qiaoming) རྒྱ་ནག་གི་སྲིད་འཛིན་དུ་བསྐོས་ཡོད་རབས། དེ་བཞིན་རྒྱལ་སྤྱི་དང་རྒྱ་ནག་ནང་དུ་འཕུར་བསྐྱོད་བྱེད་མཁན་གྱི་གནམ་གྲུ་ཁྱོན་བསྡོམས་༦༠༠༠། ལྷག་འཕུར་བསྐྱོད་བྱེད་བཅུག་མེད་རབས་ཀྱི་གནས་ཚུལ་ཐོན་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནས་ཚུལ་དེ་དག་དང་འབྲེལ་བའི་ཐོག་གསལ་བཤད་གང་ཡང་བྱས་མེད་པ་རེད་འདུག
གནས་ཚུལ་དབྱེ་ཞིབ་པ་ཁག་ཅིག་གིས་ད་ལྟའི་ཆར་རྒྱ་ནག་གི་ནང་དུ་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་ཕྱི་རྒྱལ་ཁབ་ཁག་ནས་ཡོང་མཁན་ཡོད་ཚད་ཟུར་བཀག་ཏུ་བསྡད་དགོས་ཀྱི་ཡོད་པར་བརྟེན། ཁོང་ཉིད་ཀྱང་ཟུར་བཀག་ཏུ་བསྡད་ཡོད་སྲིད་རབས་བརྗོད་བཞིན་འདུག
ལོ་འདིའི་ཟླ་བ་༡༠ པའི་ཚེས་༡༦ ཉིན་རྒྱ་ནག་དམག་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠ པ་དེ་འཚོགས་རྒྱུ་གཏན་འཁེལ་ཡོད་པ་དང་། ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ཚོགས་འདུའི་ཐོག་ཏུ་ཚོགས་བཅར་བ་ཁྱོན་བསྡོམས་༢༢༩༦ བདམས་ཟིན་རབས་དང་འཐུས་མ་ཚོ་ཡིས་རྒྱ་ནག་གི་རྩ་ཁྲིམས་དང་ཞི་ཅིང་ཕིང་གི་ལྟ་གྲུབ་ཁས་ལེན་བྱེད་དགོས་ཚུལ་བརྗོད་ཡོད་འདུག་པས་གནས་ཚུལ་དེ་ལ་གཞི་ན་ཞི་ཅིང་ཕིང་བཟང་བཙོན་དུ་ཡོད་རབས་དེ་ནི་ཕལ་ཆེ་དཀྲོག་གཏམ་ལས་དངོས་བྱུང་མེད་རབས་བརྗོད་བཞིན་འདུག
འདས་པའི་བདུན་ཕྲག་གཅིག་གི་ནང་དུ་རྒྱ་ནག་གི་སྲིད་བློན་ཟུར་པ་གཉིས་ལ་སྲོག་ཁྲིམས་བཅད་ཡོད་པ་དང་ལས་བྱེད་བཞི་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་རབས་དང་། ཐེངས་འདི་འགོ་ཁྲིད་དྲུག་པོ་ནི་ཞི་ཅིང་ཕིང་གི་ཁ་གཏད་ཆབ་སྲིད་ཚོགས་པ་ནས་ཡིན་ཚུལ་བརྗོད་བཞིན་འདུག་ལ། དྲ་རྒྱའི་ཐོག་ཏུ་གནས་ཚུལ་ཕྱི་བསྒྲགས་བྱེད་མཁན་ཡང་ཁོང་ཚོའི་ཕྱོགས་ཁག་ནས་ཡིན་པ་ཆ་འཇོག་བྱེད་བཞིན་འདུག
ཕྱི་ལོ་༢༠༡༢ ལོར་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་དང་། དུས་དེ་ནས་ཞི་ཅིང་ཕིང་གིས་རྒྱ་ནག་གི་ནང་དུ་ལྐོག་ཟ་རུལ་སུངས་བྱེད་མཁན་རྣམས་ལ་རྒོལ་རྡུང་གཏོང་འགོ་བཙུགས་ཡོད་པ་དང་། དུས་དེ་ནས་ད་ལྟའི་བར་དུ་ལས་བྱེད་པ་ས་ཡ་༤ དང་མཐོ་རིམ་མི་སྣ་༥༠༠ ཙམ་ལ་ཉེས་ཆད་བཅད་ཡོད་རབས་བརྗོད་བཞིན་འདུག་ལ། འགོ་ཁྲིད་ཁ་ཤས་ཀྱིས་རང་སྲོག་གཅོད་པ་དང་ཁ་ཤས་རྒྱལ་ཁབ་གཞན་དུ་གྲོལ་ཕྱིན་པ་སོགས་ཀྱི་གནས་ཚུལ་ཐོན་འདུག་པ་ཇི་བཞིན་ད་ལྟའི་ཆར་ལྐོག་ཟ་རུལ་སུངས་བྱེད་མཁན་ལ་རྒོལ་རྡུང་མུ་མཐུད་ནས་གཏོང་བཞིན་པ་རེད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།