ཞི་ཅིང་ཕིང་སྤྱི་དམངས་ཀྱི་མདུན་དུ་མ་ཐོན་ནས་ཉིན་ ༡༣ ཕྱིན་འདུག
ཟླ་འདིའི་ཚེས་༡༥ཉིན་ཝེ་ཧོང་ (WION) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་སྤྱི་དམངས་ཀྱི་མདུན་དུ་མ་ཐོན་ནས་ཉིན་གྲངས་བཅུ་གསུམ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡ཉིན་རྒྱ་ནག་གཞུང་གིས་དབྱིན་ཇིའི་དབང་བསྒྱུར་འོག་ནས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་ནས་མི་ལོ་ཧྲིལ་པོ་༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཡང་སྲུང་སྐྱོབ་ཧ་ཅང་དམ་པོའི་འོག་ཧོང་ཀོང་དུ་ཕེབས་ཡོད་འདུག དུས་དེ་ནས་བཟུང་ཉིན་གྲངས་༡༣ ལྷག་གི་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་སྤྱི་དམངས་ཀྱི་མདུན་དུ་མཐོང་རྒྱུ་མེད་པ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་༦ཚེས་སུམ་ཅུའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཧོང་ཀོང་དུ་འབྱོར་ཡོད་ཀྱང་ཉིན་དེའི་དགོང་མོ་རྒྱ་ནག་གི་ཧྲིང་ཀྲན་(Shenzhen)གྲོང་ཁྱེར་དུ་ལོག་ཡོད་པ་དང་། ཟླ་འདིའི་ཚེས་༡་ཉིན་སླར་ཡང་ཧོང་ཀོང་དུ་ཕེབས་ནས་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་མཉམ་ཞུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
སྐབས་དེར་ཧོང་ཀོང་གི་འགོ་ཁྲིད་བརྒྱ་ལྷག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་དུ་ཐུག་འཕྲད་དང་མཉམ་འཛོམས་ཀྱིས་པར་ཡང་བསྒྲོན་འདུག་ལ། ཐུག་འཕྲད་མ་བྱས་པའི་གོང་དུ་འགོ་ཁྲིད་ཚང་མ་ལ་ཏོག་དབྱིབས་གཉན་རིམས་༡༩ ཕོག་ཡོད་མེད་ཀྱི་བརྟག་དཔྱད་དང་ཟུར་བཀག་ཀྱང་བྱས་ཡོད་འདུག ཡིན་ནའང་། རྒྱ་ནག་སྲིད་འཛིན་དང་མཇའ་འཕྲད་ཚར་ནས་ཉིན་གཉིས་ཀྱི་རྗེས་སུ་ཧོང་ཀོང་གི་ཁྲིམས་བཟོ་བ་སི་ཊི་ཝན(Steven Ho)ལ་ཏོག་དབྱིབས་གཉན་རིམས་༡༩ པའི་ནད་རྟགས་ཐོན་ཡོད་པ་དང་། ཁོང་གིས་སྲིད་འཛིན་དང་མཇལ་འཕྲད་མ་བྱས་པའི་གོང་དུ་བརྟག་དཔྱད་བྱེད་དུས་ནད་རྟགས་གང་ཡང་མེད་རབས་བརྗོད་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ཏོག་དབྱིབས་གཉན་རིམས་༡༩ ཕོག་ཡོད་མེད་ཀྱི་གནས་ཚུལ་སུས་ཀྱང་གསལ་བོ་བརྗོད་ཐབས་མེད་ཀྱང་། ཁོང་དང་འབྲེལ་བའི་གནས་ཚུལ་ཁག་གཅིག་བརྒྱུད་ལམ་ཁག་ཏུ་གསལ་བ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཟླ་འདིའི་ཚེས་༡ཉིན་ཧོང་ཀོོང་ནས་རྒྱ་ནག་ཏུ་ལོག་ཡོད་པ་དང་། དུས་དེ་ནས་བཟུང་གསར་འགོད་གསལ་བསྒྲགས་སྐབས་ཡིག་ལམ་བརྒྱུད་ནས་གསལ་བསྒྲགས་སྤེལ་བ་ལས་ངག་ཐོག་ནས་གསལ་བསྒྲགས་སྤེལ་མེད་པའི་གནས་ཚུལ་ཐོན་འདུག་ལ། རྒྱལ་སྤྱིའི་ཐོག་དབུ་ཁྲིད་མང་པོས་དངོས་གསལ་དོད་པོས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་བརྒྱབ་ཡོད་ན་ཡང་། ཞི་ཅིང་ཕིང་ལ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་རྒྱག་ཡོད་མེད་ཀྱི་གནས་སྟངས་གསལ་བོ་མེད་པ་མ་ཟད། ད་ལྟའི་ཆར་ཁོང་ཉིད་གང་དུ་ཡོད་མེད་ཀྱང་གསལ་བོ་མེད་པ་རེད་འདུག
རྒྱ་ནག་ཏུ་ཏོག་དབྱིབས་གཉན་རིམས་༡༩་ པ་ཁྱབ་ནས་བཟུང་སྲིད་འཛིན་ཞི་ཅིང་ཕིང་སྲུང་སྐྱོབ་དམ་པོའི་འོག་ཏུ་བསྡད་ཡོད་པ་དང་། ལོ་འདིའི་སྤྱི་ཟླ་དང་པོ་ནས་ཁོང་ཉིད་གཞི་ནས་ཡར་མར་འགྲོ་བསྐྱོད་བྱེད་ཡོད་པ་དང་། ཁོང་ཉིད་ཧོང་ཀོང་དུ་ཕེབས་པ་དེ་ནི་འདས་པའི་ལོ་གཉིས་ཀྱི་རིང་རྒྱ་ནག་སྐམ་ས་ནས་ཕྱི་རོལ་དུ་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག
ཟླ་འདིའི་ཚེས་གཅིག་ནས་ཁོང་ཉིད་སྤྱི་དམངས་ཀྱི་མདུན་ནས་མཐོང་རྒྱུ་མེད་པ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག
གསར་འགོད་པ་བློ་བཟང་རྒྱ་མཚོ།