ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་རང་དབང་སྐོར་གྱི་སྙན་ཐོ།

ཟླ་འདིའི་ཚེས་༡༡ ཉིན་དྷ་ས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། ཨེ་ཤི་ཡའི་གཟི་བརྗིད་སྣེ་ཁྲིད་ཚོགས་པ་གཉིས་ཀྱི་མཉམ་དུ་བསྒྲུབས་པའི་“ང་ཚོའི་རུས་རྐང་འཇིབས་སོང་། ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་’’ཞེས་པའི་ཆེད་དོན་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གྱི་མཛད་སྒོ་ཞིག་དྷ་ས་བོད་ཀྱི་འགྲེམས་སྟོན་ཁང་དུ་སྐོང་ཚོགས་བྱས་སོང་།

ཟླ་འདིའི་ཚེས་༡༡ ཉིན་དྷ་ས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། ཨེ་ཤི་ཡའི་གཟི་བརྗིད་སྣེ་ཁྲིད་ཚོགས་པ་གཉིས་ཀྱི་མཉམ་དུ་བསྒྲུབས་པའི་“ང་ཚོའི་རུས་རྐང་འཇིབས་སོང་། ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་’’ཞེས་པའི་ཆེད་དོན་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གྱི་མཛད་སྒོ་ཞིག་དྷ་ས་བོད་ཀྱི་འགྲེམས་སྟོན་ཁང་དུ་སྐོང་ཚོགས་བྱས་སོང་།

བོད་ཀྱི་འགྲེམས་སྟོན་ཚན་པའི་ལས་བྱེད་ཚེ་རིང་ནོར་བུས་ལས་རིམ་ངོ་སྤྲོད་བྱེད་སྐབས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་ལོ་ལྟར་ཟླ་བ་གཅིག་གི་ནང་དུ་བོད་དོན་གོ་རྟོགས་ཀྱི་ཆེད་དུ་ལས་རིམ་ཉུང་མཐར་ཐེངས་གཉིས་ཙམ་སྤེལ་གྱི་ཡོད་ཀྱང། རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་༡༩ པའི་དབང་གིས་འདས་པའི་ལོ་གཅིག་གཉིས་ཀྱི་རིམ་མང་པོ་ཚོགས་མ་ཐུབ་ཀྱང་ད་ལྟ་མུ་མཐུད་ནས་ལས་རིམ་དེ་འགྲོ་བཞིན་པའི་སྐོར་དང་། ཐེངས་འདིར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་ཞེས་པའི་ཆེད་དོན་སྙན་ཐོ་འདོན་སྤེལ་བྱེད་ཀྱི་ཡིན་སྐོར་གསུངས་སོང་།

ལྟེ་གནས་ཁང་དེའི་འགན་འཛིན་ཚེ་རིང་མཚོ་མོས་རྒྱ་ནག་གི་དམ་དྲག་རྐྱེན་པས་བོད་ནང་ལ་འབྲེལ་བ་བྱེད་མ་ཐུབ་པ་དང་། བོད་ཕྱི་ལ་གནས་ཚུལ་གཏོང་མ་ཐུབ་པ་བཅས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུའི་ཐོག་ལ་དཀའ་ངལ་འཕྲད་པས་སྙན་ཐོ་འདོན་རྒྱུ་ལ་དུས་ཡུན་གང་ཚང་འགོར་ཡོད་པའི་སྐོར་དང་། དེ་བཞིན་ཞི་ཅིན་ཕིང་གི་སྲིད་འཛིན་གྱི་དུས་སྐབས་གཉིས་པ་སྟེ། ཕྱི་ལོ་༢༠༡༦ ཡས་མས་ནས་བོད་ནང་དུ་དམ་དྲག་བྱེད་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་སྐད་གཉིས་སློབ་གསོ་ཞེས་པ་ཞིག་གཏན་འབེབས་བྱས་ཡོད་ཀྱང་། དོན་དུ་དེའི་དམིགས་ཡུལ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ངོ་བོ། རིག་གཞུང་རྩ་མེད་གཏོང་རྒྱུ་བཅས་མདོར་ན་རིག་གཞུང་རྩ་མེད་གཏོང་རྒྱུའི་སྲིད་བྱུས་བཟུང་ཡོད་པ་འགྲེལ་བརྗོད་བྱས་སོང་།

གཞན་ཡང་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་ཕྱི་ལོ་༡༩༨༢ ནས་ལྗོངས་དང་ཞིང་ལྔས་གཏན་འབེབས་བྱས་པའི་སློབ་དེབ་ཁག་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། སློབ་དེབ་དེའི་ནང་དུ་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་ཀྱི་ས་ཆ་ཡོད་མོད་ཀྱང་། ད་ལྟའི་ཆར་དེ་ཡོངས་རྫོགས་རིམ་པས་ཕྱིར་བསྡུ་བྱས་ནས་དེའི་ཚབ་ཏུ་རྒྱ་ནག་དབུས་གཞུང་གིས་གཏན་འབེབས་བྱས་པའི་སློབ་དེབ་དེ་ཚོ་བཀྲམ་གྱི་ཡོད་པ་དང་། སློབ་དེབ་དེ་དག་གི་ནང་དོན་དུ་ཡང་གུང་ཁྲན་ཏང་གི་ལོ་རྒྱུས་དང་། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས། ཞི་ཅིན་ཕིང་གི་དགོངས་པ་སོགས་བཀོད་ནས་སློབ་གསོ་སྤྲད་ཀྱི་ཡོད་པ་འགྲེལ་བརྗོད་བྱས་སོང་། དེ་བཞིན་རྒྱ་ནག་གིས་བོད་ནང་དུ་མངོན་གསལ་དོད་པོའི་ཐོག་ནས་རིག་གཞུང་བཙན་བསྒྱུར་བྱེད་པའི་སྲིད་ཇུས་དང་། མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་སྙན་ཐོའི་ནང་དུ་ར་སྤྲོད་ཐུབ་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གསར་འགོད་གསལ་བསྒྲགས་ནང་དུ། “རྒྱ་ནག་གཞུང་གིས་དུས་རབས་གསར་པའི་མི་རིགས་སྲིད་ཇུས་ཞེས་པའི་མིང་ཐོག་ནས་བོད་ནང་དུ་རིག་གཞུང་བཙན་བསྒྱུར་གྱི་ལས་གཞི་རྒྱ་ཆེར་ལག་བསྟར་བྱས་ཏེ། བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་དང་། རྒྱ་ནག་གཞུང་ངོས་ནས་ཆོག་མཆན་ཡོད་མེད་ལ་མ་ལྟོས་པར་བོད་ཀྱི་སྒེར་བཙུགས་སློབ་གྲྭ་ཁག་རིམ་པས་སྒོ་རྒྱག་ཏུ་བཅུག་གི་ཡོད་པ་མ་ཟད། བོད་ཀྱི་དགོན་སྡེ་ཁག་གིས་ཀྱང་རྒྱའི་སྤྱི་སྐད་ཀྱི་ལམ་ནས་ནང་བསྟན་སློབ་གཉེར་བྱེད་དགོས་པའི་བཙན་སྐུལ་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག

གསར་འགོད་གསལ་བསྒྲགས་དེའི་ནང་རྒྱ་ནག་གི་འཇུ་བཟུང་བཀག་ཉར་འོག་ཡོད་རིགས་ལ་རྟོག་ཞིབ་དགོས་སྐོར་འཁོད་དོན། “གཞུང་ངོས་ནས་སྐད་ཡིག་དང་རིག་གཞུང་གི་ཐོབ་ཐང་ལ་རྡོག་རོལ་བཏང་བར་ཐེར་འདོན་བྱེད་མཁན་གྱི་ཞི་བའི་འཐབ་རྩོད་པ་རྣམས་ལ་རྒྱ་ནག་གཞུང་གིས་ཉེས་མིང་སྣ་ཚོགས་བཏགས་ཏེ་འཇུ་བཟུང་བཀག་ཉར་བྱེད་པ་དང། གཞུང་གི་བྱ་སྤྱོད་ལ་ཁྲིམས་ལུགས་ཀྱི་ཚོད་འཛིན་རྩ་ནས་མི་ཐུབ་པ་སོགས་ཀྱིས་ཕྱོགས་ཡོངས་སུ་གནས་སྟངས་དེ་བའི་ཀྱང་ཚབས་ཆེར་བཏང་ཡོད། དེར་བརྟེན་ད་ལྟའི་བོད་ནང་སྐད་ཡིག་དང་རིག་གཞུང་ཉེན་ཚབས་ལས་སྐྱོབ་ཕྱིར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་སྐོར་གྱི་ཆེད་མཁས་མི་སྣ་ངེས་པར་དུ་བོད་དུ་རྟོག་ཞིབ་ཆེད་མངགས་གཏོང་ཡོང་ཐབས་སུ་འབད་འབུངས་རྒྱ་ཆེར་བྱེད་དགོས་པ་དང་། རྒྱ་ནག་གཞུང་གི་ངོས་ནས་བོད་དང་རྒྱ་ནག་གི་ས་ཁུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་ཆེད་མཁས་པ་རྣམས་དུས་ངེས་མེད་ལ་རྟོག་ཞིབ་ཆེད་ཡོང་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།