ཞི་ཅིན་ཕིང་གི་སྐྱེས་དམན་གཞས་མ་དེ་རྒྱ་ནག་གི་དམག་སྤྱིར་བསྐོས་དོན་ཅི་ཡིན་ནམ།

ད་ཆར་ཞི་ཅིན་ཕིང་གི་སྐྱེས་དམན་དེ་རྒྱ་ནག་གི་དམག་སྤྱི་ལ་བསྐོས་ཡོད་པ་རྒྱ་ནག་ནང་གི་སྤྱི་ཚོགས་དྲྭ་ལམ་ཐོག་ཁྱབ་ཡོད་འདུག སྐྱེས་དམན་དེ་དམག་དོན་ཐོག་ཁྱད་ལས་གང་ཡང་མིན་ཡང་ད་ཆར་ཞི་ཅིན་ཕིང་ལ་བློ་དཀར་གཞུང་དྲང་ཅན་གྱི་མི་ཞིག་མེད་པའི་རྐྱེན་གྱིས་ཁོ་རང་ཉིད་ཀྱི་སྐྱེས་དམན་དམག་སྤྱི་ལ་བསྐོས་པ་ཡིན་ཚུལ་རྗོད་ཀྱི་ཡོད་འདུག 

པར། (First post)

ཕྱི་ཚེས་༢ ཉིན་རྒྱ་གར་གྱི་(First post)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་དུ་ཞི་ཅིན་ཕིང་གི་སྐྱེས་དམན་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་ནང་ནས་དམག་སྡེའི་ཁྲོད་ཀྱི་དམག་སྤྱི་ལ་བསྐོས་ཡོད་པ་དེར་དྲྭ་ལམ་ཐོག་གླེང་སློང་ཆེན་པོ་བྱེད་བཞིན་འདུག ཉེ་ཆར་ཞི་ཅིན་ཕིང་གི་སྐྱེས་དམན་(Peng Liyuan) རྒྱ་ནག་ནང་དམག་གི་མཐོ་སློབ་ཁག་ཏུ་ལྟ་སྐོར་དུ་ཕྱིན་ནས་ཚད་མཐོའི་ནུས་པ་ལྡན་པའི་དམག་མིའི་རུ་ཁག་ཁག་ལ་ཉམས་ཞིབ་ཆེད་དུ་ཕྱིན་ཡོད་འདུག འོན་ཀྱང་། ཁོང་མོས་སྔོན་ཆད་དམག་དོན་དང་འབྲེལ་བའི་སྐོར་སློབ་སྦྱོང་བྱས་མྱོང་ཡོད་མི་འདུག་ཀྱང་། ད་ལྟ་དམག་སྤྱིར་བསྐོས་ནས་དམག་དཔོན་རྣམས་ལ་དམག་དོན་དང་འབྲེལ་བའི་གནད་དོན་སྐོར་རྟོག་ཞིབ་བྱེད་བཞིན་པའི་པར་དང་བརྙན་སོགས་དྲྭ་ལམ་ནང་ཁྱབ་ནས་མི་མང་ཁྲོད་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་འདུག མོ་ད་ལྟ་རྒྱ་ནག་གི་ཆེས་མཐོའི་དམག་དོན་ལྷན་ཚོགས་ནང་ཡོད་འདུག་པ་དང་།

ལྷན་ཚོགས་དེའི་ནང་ཞི་ཅིན་ཕིང་ཁོ་རང་ཡང་ཚོགས་མི་ཡིན་འདུག དམག་དོན་ལྷན་ཚོགས་དེ་ནས་ཞི་ཅིན་ཕིང་རང་ཉིད་ལ་བློ་དཀར་གཞུང་དྲང་ཅན་གྱི་དམག་སྤྱི་གཅིག་ཀྱང་རག་གི་མེད་པ་དང་། རྒྱ་ནག་གི་དམག་སྤྱིའི་ཁྲོད་ལྐོག་ཟ་རུལ་སུངས་ཀྱི་རྐྱེན་པས་དམག་སྤྱི་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་པ་དང་། འདས་པའི་ཟླ་བ་འགའ་ཤས་ནང་རྒྱ་ནག་གི་དམག་སྤྱི་མཐོ་གྲས་ཁྱོན་༡༥ ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག དེ་དག་གི་ཁོངས་ནས་ཞི་ཅིན་ཕིང་ཁོ་རང་ཉིད་ཀྱིས་བསྐོ་བཞག་བྱས་པའི་རྒྱ་ནག་གི་བདེ་སྲུང་བློན་ཆེན་(Li Shangfu)་དང་ཕྱི་སྲིད་བློན་ཆེན་(Qin Gang)  དེ་བཞིན་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་འགན་ཁུར་བ་འགའ་ཤས་གནས་དབྱུང་བཏང་ཡོད་པར་རྗོད་ཀྱི་འདུག མང་པོ་ཞིག་ནི་ལྐོག་ས་རུལ་སུངས་དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་རྐྱེན་གྱིས་གནས་དབྱུང་བཏང་ཡོད་འདུག ཞི་ཅིན་ཕིང་གི་སྐྱེས་དམན་ད་ལྟ་ལོ་༦༢ ཡིན་འདུག་པ་དང་།ཕྱི་ལོ་༡༩༨༤ ལོར་བཅིངས་གྲོལ་དམག་གི་ནང་གཞས་གཏོང་མཁན་ཡིན་འདུག་ཅིང་། ཕྱི་ལོ་༢༠༠༩ ལོར་སྤྱིར་བཏང་གི་དམག་སྤྱི་ཞིག་གི་གོ་གནས་ཐོག་ཡོད་འདུག དེ་རྗེས་བཅིངས་གྲོལ་དམག་གི་སློབ་གྲྭ་དེ་འདྲའི་ནང་སྒྱུ་རྩལ་སློབ་ཁྲིད་ཀྱི་ལས་ཀ་བྱེད་མྱོང་ཡོད་འདུག ད་ཆར་ཁོང་མོ་རྒྱ་ནག་གི་ཚད་མཐོའི་དམག་སྤྱི་ཞིག་ཆགས་ཡོད་འདུག་པར་བརྟེན། དམག་སྤྱི་སུ་འདྲ་ཞིག་གིས་འཐོབ་གོ་ས་འཛིན་དགོས་ན་ཁོང་མོའི་ལག་འོག་ནས་ཏང་ལ་བློ་དཀར་གཞུང་དྲང་ག་ཚོད་ཡིན་མིན་ཚོད་ལྟ་བྱས་ནས་འགྲོ་དགོས་ཀྱི་ཡོད་འདུག ད་ལྟའི་རྒྱ་ནག་གི་དམག་མིའི་ཁྲོད་ལྐོག་ས་རུལ་སུངས་ཀྱི་རྐྱེན་པས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་འདུག་ལ། ཞི་ཅིན་ཕིང་རང་ཉིད་ལ་ཡིད་ཆེས་མེད་པའི་རྐྱེན་གྱིས་ཁོ་རང་ཉིད་ཀྱི་སྐྱེས་དམན་དམག་སྤྱི་ལ་བསྐོ་དགོས་བྱུང་ཡོད་པར་རྗོད་བཞིན་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།