ཞི་ཅིན་ཕིང་གིས་རྗོ་བྷའེ་ཌན་ལ་ཐའེ་ཝན་ཐོག་ཉེན་བརྡ་བཏང་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གཉིས་བར་གླེང་མོལ་བྱས་པའི་སྐབས་སུ། ཞི་ཅིན་ཕིང་གིས་ཐའེ་ཝན་གནད་དོན་དང་འབྲེལ་ནས་སུས་མེ་ལ་ལག་པ་འཆང་ཚེ་ལག་པ་འཚིག་གི་རེད་ཅེས་བརྗོད་ནས་ཉེན་བརྡ་བཏང་ཡོད་འདུག དེ་བཞིན་ཕྱོགས་གཉིས་བར་དངོས་སུ་ཐུག་འཕྲད་བྱེད་རྒྱུའི་མོས་མཐུན་ཡང་བྱུང་ཡོད་པ་རེད་འདུག
ཟླ་༧ པའི་ཚེས་༢༨ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གཉིས་ཆུ་ཚོད་གཉིས་དང་སྐར་མ་༡༧ རིང་ཁ་པར་བརྒྱུད་གླེང་མོལ་བྱས་ཡོད་འདུག་པ་དང་། སྐབས་དེར་ཐའེ་ཝན་གནད་དོན་གཙོ་བོར་འགྱུར་བའི་གནད་དོན་གཞན་ཁག་ཅིག་ཐོག་གླེང་སློང་བྱས་ཡོད་འདུག
ཕྱོགས་གཉིས་བར་གནམ་གཤིས་འགྱུར་ལྡོག་དང་འཕྲོད་བསྟེན་སོགས་ཚུད་པའི་ལས་དོན་ཁག་ཅིག་ཐོག་ཏུ་མཉམ་ལས་བྱེད་རྒྱུའི་མོས་མཐུན་བྱུང་འདུག འོན་ཀྱང་ཐའེ་ཝན་གནད་དོན་དེ་ཕྱོགས་གཉིས་བར་རྩོད་གཞི་ཆེ་ཤོས་དེ་ཆགས་ཡོད་པ་རེད་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཞི་ཅིན་ཕིང་གིས་རྗོ་བྷའེ་ཌན་ལ། ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་སྲུང་བྱེད་དགོས་པ་དང་། སུས་མེ་ལ་ལག་པ་འཆང་ཚེ་ལག་པ་འཚིག་གི་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད་འདུག ཉེ་ཆར་བརྒྱུད་ལམ་ཁག་ཏུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པཱེ་ལོ་སི་ཐའེ་ཝན་དུ་སྐོར་སྐྱོད་བྱེད་འཆར་ཡོད་པའི་གནས་ཚུལ་ཐོན་རྗེས། རྒྱ་ནག་གཞུང་གིས་ཉེན་བརྡ་ཤུགས་ཆེན་བཏང་ཡོད་ཁར། ཨ་རིའི་སྲིད་འཛིན་གཙོས་པའི་གཞུང་གི་མཐོ་རིམ་དཔོན་རིགས་ཁག་ཅིག་གིས་གསང་བའི་ཐོག་ནས། ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་དང་བདེ་འཇགས་ཀྱི་ཉེན་ཁ་སོགས་ལ་བརྟེན་ནས་ལྕམ་ནན་སི་པཱེ་ལོ་སི་ལ་ཐའེ་ཝན་དུ་འགྲོ་མི་ཉན་པའི་སྐུལ་མ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།
ཨ་རིའི་གཞུང་གིས་བརྗོད་དོན་ལྟར་ན། རྗོ་བྷའེ་ཌན་གྱིས་ཞི་ཅིན་ཕིང་ལ་ཨ་རིས་ཐའེ་ཝན་ཐོག་གི་སྲིད་བྱུས་ལ་འགྱུར་བ་བཏང་མེད་ཀྱང་། གལ་ཏེ་རྒྱ་ནག་ཕྱོགས་ནས་ཐའེ་ཝན་གྱི་ད་ལྟའི་གནས་བབ་འགྱུར་བ་གཏོང་ཐབས་དང་ཁུལ་དེའི་ཞི་བདེ་དང་བརྟན་ལྷིངས་ལ་རྩིས་མེད་གཏོང་ཐབས་བྱས་ཚེ་ངོ་རྒོལ་ཡོད་སྐོར་བརྗོད་ཡོད་འདུག
ཨ་རིའི་མཐོ་རིམ་ལས་བྱེད་གཅིག་གིས་ཕྱོགས་གཉིས་བར་ཐའེ་ཝན་གནད་དོན་ཐོག་གི་གླེང་སློང་དེ་ཁ་ཐུག་དང་དྲང་པོ་བྱུང་ཡོད་པ། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཐའེ་ཝན་དང་རྒྱ་ནག་གཅིག་གི་སྲིད་བྱུས་དང་འབྲེལ་ནས་ཉེན་བརྡ་གཏོང་རྒྱུ་དེ་ནི་རྒྱུན་ལྡན་གྱི་ལས་དོན་ཞིག་ཡིན་པས། ཞི་ཅིན་ཕིང་གི་ཉེན་བརྡ་དེར་སེམས་འཚབ་བྱེད་དགོས་དོན་མེད་སྐོར་བརྗོད་འདུག
ཕྱི་ལོ་༢༠༢༡ ལོའི་ཟླ་༢ པ་ནས་ད་བར་ཕྱོགས་གཉིས་བར་གླེང་མོལ་ཐེངས་ལྔ་བྱས་ཡོད་འདུག་ཀྱང་། དངོས་སུ་ཐུག་འཕྲད་བྱེད་ཐུབ་མེད་འདུག་པས། དངོས་སུ་ཐུག་འཕྲད་བྱས་ཏེ་ལྷན་ཚོགས་གོ་སྒྲིག་བྱེད་རྒྱུའི་་མོས་མཐུན་ཡང་བྱུང་ཡོད་པ་རེད་འདུག ཟླ་༡༡ པའི་ནང་ཨེ་ཤི་ཡ་ཁུལ་དུ་རྒྱལ་སྤྱིའི་ལྷན་ཚོགས་མང་པོ་ཞིག་གོ་སྒྲིག་བྱེད་འཆར་འདུག་པས། ལྷན་ཚོགས་དེ་འདྲ་ཞིག་གི་ཟུར་དུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ལྷན་ཚོགས་གོ་སྒྲིག་བྱེད་འཆར་ཡང་ཡོད་འདུག
དཔྱད་བརྗོད་པ་ཁག་ཅིག་གིས་བརྗོད་དོན་ལ། རྒྱ་ནག་དམར་ཤོག་ཚོགས་ཆེན་སླེབས་ལ་ཉེ་བ་དང་། སྐབས་དེར་ཞི་ཅིན་ཕིང་གིས་སྲིད་འཛིན་ལས་ཁུར་སྐབས་གསུམ་པ་བྱེད་ཐབས་བྱེད་རྒྱུ་ཡིན་པས། དེ་འདྲའི་སྐབས་སུ་གལ་ཏེ་ལྕམ་ནན་སི་པཱེ་ལོ་སི་ཐའེ་ཝན་དུ་སླེབས་ཚེ། ཞི་ཅིན་ཕིང་གིས་རང་ཉིད་ཀྱི་ནུས་སྟོབས་སྟོན་ཆེད་དུ་ཡ་ལན་དྲག་པོ་སློག་སྲིད་པའི་སེམས་འཚབ་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་འདུག
ད་ལྟའི་ཆར་ལྕམ་ནན་སི་པཱེ་ལོ་སི་ནས་རང་ཉིད་ཐའེ་ཝན་ལ་འགྲོ་འཆར་ཡོད་མེད་ཀྱི་གསལ་བསྒྲགས་དངོས་སུ་གང་ཡང་བྱས་མེད་ཁར། ཉེ་ཆར་ཁོང་གིས་རང་ཉིད་ཀྱི་འགྲུལ་བཞུད་ལས་རིམ་ནམ་ཡང་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་དང་། དེ་ལྟར་བྱས་ཚེ་ཉེན་ཁ་ཡོད་སྐོར་བརྗོད་འདུག གལ་ཏེ་ཁོང་ཐའེ་ཝན་ལ་དངོས་སུ་ཕྱིན་ཚེ། ཕྱི་ལོ་༡༩༩༧ ལོའི་རྗེས་སུ་ཐའེ་ཝན་ལ་སླེབས་མཁན་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཆགས་རྒྱུ་ཡིན་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།