ཞི་ཅིན་ཕིང་དང་མཱོ་དྷི་ཐུག་ནས་ས་མཚམས་རྩོད་རྙོག་གང་མགྱོགས་སེལ་ཐབས་བྱེད་རྒྱུ་མོས་མཐུན་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མཱོ་དྷི་གཉིས་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་བར་གྱི་ས་མཚམས་རྩོད་རྙོག་གང་མགྱོགས་སེལ་ཐབས་བྱེད་རྒྱུ་གཙོས། འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དང་ཞི་ཅིན་ཕིང་འདི་ལོར་རྒྱ་གར་དུ་སྐོར་བསྐྱོད་དུ་ཡོང་རྒྱུའི་སྐད་ཆ་བྱུང་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མཱོ་དྷི་གཉིས་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་བར་གྱི་ས་མཚམས་རྩོད་རྙོག་གང་མགྱོགས་སེལ་ཐབས་བྱེད་རྒྱུ་གཙོས། འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དང་ཞི་ཅིན་ཕིང་འདི་ལོར་རྒྱ་གར་དུ་སྐོར་བསྐྱོད་དུ་ཡོང་རྒྱུའི་སྐད་ཆ་བྱུང་ཡོད་འདུག

ཟླ་༦ པའི་ཚེས་༡༤ ཉིན་ཁེར་ཇི་སི་ཐན་གྱི་རྒྱལ་ས་བྷི་ཤིག་ཏུ་ཧྲང་ཧེའི་མཉམ་ལས་ཚོགས་པའི་ལྷན་ཚོགས་ཀྱི་ཟུར་དུ། རྒྱ་གར་གྱི་སྲིད་བློན་མཱོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་དང་ཕྱོགས་གཉིས་ཀྱི་སྐུ་ཚབ་བཅས་ཚོགས་འདུ་འཚོགས་པ་དང་། སྐབས་དེར་ཕྱོགས་གཉིས་བར་གྱི་ས་མཚམས་རྩོད་རྙོག་དེ་གང་མགྱོགས་སེལ་ཐབས་བྱེད་རྒྱུར་མོས་མཐུན་བྱས་ཏེ། ཕྱོགས་གཉིས་ཀྱི་ས་མཚམས་རྩོད་རྙོག་སེལ་ཆེད་ཀྱི་དམིགས་བསལ་སྐུ་ཚབ་ཚོགས་པར། ཕྱོགས་གཉིས་ཀས་མོས་མཐུན་ཡོང་བ། རྒྱུ་མཚན་བདེན་པ་དང་དྲང་བདེན་ཡིན་པའི་ཐབས་ལམ་ཞིག་ཡོང་ཆེད་དུ། ཕན་ཚུན་གྲོས་མོལ་བྱས་ཏེ་རྩོད་རྙོག་གང་མགྱོགས་སེལ་ཐབས་བྱེད་དགོས་པའི་བཀའ་བཏང་ཡོད་འདུག

ཞི་ཅིན་ཕིང་གིས་མཱོ་དྷི་སྲིད་བློན་དུ་སླར་ཡང་འདེམས་ཐོན་བྱུང་བར་དགའ་བསུ་ཞུས་འདུག་པ་དང་། མཱོ་དྷི་ཡིས་ཟླ་༦ པའི་ཚེས་༡༥ ཉིན་ཞི་ཅིན་ཕིང་གི་སྐྱེས་སྐར་ཡིན་པ་དང་ལོ་ན་༦༦ ལ་སོན་གྱི་ཡོད་པས་རྒྱ་གར་མི་མང་ཡོངས་ཀྱི་ཚབས་བྱས་ཏེ་མཚམས་འདྲི་བྱས་ཡོད་པ་རེད།

མཱོ་དྷི་ཡིས་ཞི་ཅིན་ཕིང་རྒྱ་གར་ལ་མགྲོན་འབོད་བྱས་སྐབས། ཞི་ཅིན་ཕིང་གིས་ངོས་ལེན་བྱས་ཏེ་འདི་ལོར་ཡོང་རྒྱུར་གྲ་སྒྲིག་ཡིན་པ་དང་། སྐབས་དེར་ཕྱོགས་གཉིས་བར་གྱི་མ་འོངས་པའི་འབྲེལ་ལམ་དང་གལ་གནད་ཆེ་བའི་གནད་དོན་མང་པོ་ཞིག་གི་ཐོག་གྲོས་བསྡུར་བྱེད་འདོད་ཡོད་པས། ཕྱོགས་གཉིས་ཀྱིས་སྐོར་བསྐྱོད་དེའི་ཐོག་གྲ་སྒྲིག་ཚགས་ཚུད་བྱེད་དགོས་གལ་ཆེ་སྐོར་བརྗོད་ཡོད་འདུག དེ་བཞིན་ཞི་ཅིན་ཕིང་གིས་རྒྱ་གར་དང་རྒྱ་ནག་བར་ཡིད་ཆེས་ཟབ་ཏུ་གཏོང་བ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་མཐུན་པ་ངོས་ལེན་བྱེད་དགོས་པ་དང་། དེ་ལྟར་བྱས་ཚེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་ཕྱིན་ནས་ཡར་རྒྱས་གོང་འཕེལ་འགྲོ་རྒྱུ་ཡིན་པ། རྒྱ་ནག་དང་རྒྱ་གར་གཉིས་ཕན་ཚུན་ཉེན་ཁ་ཆགས་ཀྱི་མེད་ཁར། ཡར་རྒྱས་གོང་འཕེལ་གྱི་གོ་སྐབས་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

སྲིད་བློན་མཱོ་དྷི་ཡིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། ཕྱོགས་གཉིས་བར་གྱི་ཐུག་འཕྲད་གྲུབ་འབྲས་ལྡན་པ་བྱུང་ཡོད་པ་དང་། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐད་ཕྱོགས་ཡོངས་ཀྱི་གནད་དོན་ཐོག་གླེང་སློང་བྱུང་ཡོད་ཁར། ཕྱོགས་གཉིས་བར་དཔལ་འབྱོར་དང་རིག་གཞུང་གི་འབྲེལ་ལམ་ཡར་རྒྱས་གཏོང་ཆེད་དུ་མུ་མཐུད་ནས་མཉམ་ལས་བྱེད་རྒྱུ་ཡིན་ཞེས་བྲིས་འདུག

དེ་བཞིན་ལྷན་ཚོགས་ཀྱི་ཟུར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་པཱ་ཀི་སི་ཐན་གྱི་སྲིད་བློན་ཨེམ་རན་ཁན་གཉིས་ཐུག་འཕྲད་བྱེད་རྒྱུ་ཡིན་འདུག་པས། མཱོ་དྷི་ཡིས་ཞི་ཅིན་ཕིང་ལ་རྒྱ་གར་ངོས་ནས་ད་བར་པཱ་ཀི་སི་ཐན་དང་ཞི་བའི་འབྲེལ་ལམ་ཡོང་ཐབས་བྱས་ཡོད་ཀྱང་། པཱ་ཀི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་པར་མཐུན་སྦྱོར་བྱེད་བཞིན་ཡོད་པས། འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྲུབ་འབྲས་དངོས་ཡོད་ལྡན་པའི་ལས་དོན་བྱས་ནས། ཞི་བའི་ཁོར་ཡུག་གཅིག་མ་བསྐྲུན་བར་དུ་ཕྱོགས་གཉིས་བར་འབྲེལ་ལམ་བསྐྱར་གསོ་བྱེད་ཐབས་མེད་སྐོར་བརྗོད་འདུག

འདས་པའི་ལོ་ལྔ་ཡི་ནང་མཱོ་དྷི་དང་ཞི་ཅིན་ཕིང་གཉིས་བར་ཐུག་འཕྲད་ཐེངས་༡༠ ལས་མང་བ་བྱས་འདུག་པ་དང་། མ་འོངས་པའི་ལྷན་ཚོགས་གཉིས་ཀྱི་སྐབས་སུ་ཡང་ཟུར་དུ་ཐུག་འཕྲད་བྱེད་རྒྱུ་རེད་འདུག

རྒྱ་ནག་གིས་རྒྱལ་སྤྱིའི་རྒྱལ་ཁབ་སུ་དང་འབྲེལ་ལམ་འཛུགས་པར་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་ངོས་ལེན་བྱེད་དགོས་པ་དེ་ནི་གཞི་རྩ་ཡིན་སྐོར་བརྗོད་བཞིན་ཡོད་པས། རྒྱ་གར་གྱི་སྲིད་བློན་མཱི་དྷི་ཡི་དམ་འབུལ་མཛད་སྒོ་ཐེངས་གཉིས་པའི་སྐབས་སུ། དམ་འབུམ་མཛད་སྒོ་ཐེངས་དང་པོ་དང་མི་འདྲ་བར། བོད་དང་ཐའེ་ཝན་གྱི་སྐུ་ཚབ་གཉིས་མགྲོན་འབོད་བྱས་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།