ཞི་ཅིན་ཕིང་བྱང་ཀོ་རི་ཡར་སླེབས་འདུག

རྒྱ་ནག་དང་ཨ་རིའི་བར་གྱི་ཚོང་དམག་གི་གནད་དོན་ཚབས་ཆེ་རུ་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རི་དང་འབྲེལ་ལམ་ཡག་པོ་མེད་པའི་ཨུ་རུ་སུ་རྒྱལ་ཁབ་ཏུ་སྐོར་བསྐྱོད་ལ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ཨ་རི་དང་གྲོས་མོལ་ལམ་ལྷོངས་མ་བྱུང་བའི་བྱང་ཀོ་རི་ཡར་སླེབས་འདུག

རྒྱ་ནག་དང་ཨ་རིའི་བར་གྱི་ཚོང་དམག་གི་གནད་དོན་ཚབས་ཆེ་རུ་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རི་དང་འབྲེལ་ལམ་ཡག་པོ་མེད་པའི་ཨུ་རུ་སུ་རྒྱལ་ཁབ་ཏུ་སྐོར་བསྐྱོད་ལ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ཨ་རི་དང་གྲོས་མོལ་ལམ་ལྷོངས་མ་བྱུང་བའི་བྱང་ཀོ་རི་ཡར་སླེབས་འདུག

ཟླ་༦ པའི་ཚེས་༢༠ ནས་༢༡ བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བྱང་ཀོ་རི་ཡར་སྐོར་བསྐྱོད་དུ་སླེབས་པ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞིག་བྱང་ཀོ་རི་ཡར་ལོ་༡༤ ཡི་ནང་ཐེངས་དང་པོ་སླེབས་པ་ཡིན་འདུག དེ་སྔོན་ཕྱི་ལོ་༢༠༠༨ ལོར་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཡིན་པའི་སྐབས་སུ་བྱང་ཀོ་རི་ཡར་སླེབས་ཡོད་པ་དང་། སྐབས་དེར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱི་ཨ་ཕ་ཀེམ་ཇོང་ཨལ་ཡིན་པ་རེད། རྗེས་སུ་ཀེམ་ཇོང་ཨན་བྱང་ཀོ་རི་ཡའི་འགོ་ཁྲིད་ཆགས་ནས། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་འགོ་ཁྲིད་མང་པོ་ཞིག་མེད་པ་བཟོས་ཡོད་ཁར། རྡུལ་མཚོན་ལས་གཞི་རྒྱ་ཆེ་རུ་བཏང་བས། རྒྱ་ནག་དང་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་ཀྱང་། ཉེ་བའི་ལོ་ཤས་ནས་འབྲེལ་ལམ་ཡག་ཏུ་ཕྱིན་ནས། ཀེམ་ཇོང་ཨན་རྒྱ་ནག་ཏུ་ཐེངས་ཁ་ཤས་ཕྱིན་ཡོད་པ་རེད་ལ། རྒྱ་ནག་ཕྱོགས་ནས་ཨ་རི་དང་བྱང་ཀོ་རི་ཡའི་བར་གྱི་གྲོས་མོལ་ལ་བར་འདུམ་བྱེད་པའི་རྣམ་པ་སྟོན་བཞིན་ཡོད་པ་རེད།

ཐེངས་འདིར་ཞི་ཅིན་ཕིང་བྱང་ཀོ་རི་ཡར་འབྱོར་བ་དང་བསྟུན། བྱང་ཀོ་རི་ཡ་དང་རྒྱ་ནག་བར་འབྲེལ་ལམ་འགོ་བཙུགས་ནས་ལོ་ངོ་༧༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཟབ་རྒྱས་འཚོགས་ཡོད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཀོ་རི་ཡའི་མི་མང་འབུམ་གཉིས་དང་ཁྲི་ལྔ་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཆིན་ཕིང་ལ་ཕེབས་བསུ་བྱས་ཡོད་འདུག་པ་དང་། ཕྱོགས་གཉིས་བར་གྲོས་བསྡུར་སྐབས་སུ། ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡ་དང་ཨ་རིའི་བར་གྱི་གྲོས་མོལ་གྲུབ་འབྲས་ཐོན་པའི་རེ་བ་བྱེད་ཀྱི་ཡོད་པ་བརྗོད་འདུག

བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་ཏུ། ཕྱོགས་གཉིས་བར་ཀོ་རི་ཡའི་མཚོ་གླིང་ཁུལ་གྱི་ཆབ་སྲིད་གནས་སྟངས་དང་རྒྱལ་སྤྱིའི་གནད་དོན་ཛ་དྲག་ཁག་ཅིག་ཐོག་གྲོས་བསྡུར་བྱས་ཡོད་པ་དང་།  རྒྱལ་སྤྱིའི་ཆབ་སྲིད་ཁོར་ཡུག་ཛ་དྲག་དང་དཀའ་རྙོག་ཅན་ཏུ་འགྱུར་བཞིན་ཡོད་པས། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཟབ་ཏུ་འགྲོ་བཞིན་པ་དེས་ཕན་ཚུན་ཕན་ཐོགས་དང་། མངའ་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། ཡར་རྒྱས་གོང་འཕེལ་བཅས་ལ་ཕན་ཐོགས་ཡོང་རྒྱུར་མོས་མཐུན་བྱུང་ཡོད་སྐོར་བརྗོད་འདུག

དཔྱད་བརྗོད་པ་ཁག་ཅིག་གིས་བརྗོད་དོན་ལྟར་ན། ཨ་རི་དང་བྱང་ཀོ་རི་ཡའི་གྲོས་མོལ་ལམ་ལྷོངས་ཡོང་བར། གལ་ཏེ་རྒྱ་ནག་གིས་བར་འདུམ་བྱེད་པའི་རྣམ་པ་དེས། ཀོ་རི་ཡའི་མཚོ་གླིང་ཁུལ་གྱི་གནད་དོན་ཐོག་རྒྱ་ནག་དེ་ཨ་རིའི་རོགས་པར་བེད་སྤྱོད་ཡོང་ཐུབ་པའི་བརྡ་ལན་སྤྲོད་ཐུབ་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག

ཨ་རི་གཙོས་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱིས་བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་ལ་བརྟེན་ནས། རྒྱལ་ཁབ་དེར་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་པས། བྱང་ཀོ་རི་ཡས་རྒྱ་ནག་ནས་དགོས་མཁོ་ཅན་གྱི་ཚོང་ཟོག་ནང་འདྲེན་བྱེད་བཞིན་ཡོད་ཁར། ཚོང་ཟོག་ཕྱིར་འདྲེན་ཡང་བྱེད་ཀྱི་ཡོད་པས། རྒྱ་ནག་དེ་བྱང་ཀོ་རི་ཡའི་ཚོང་རོགས་ཆེ་ཤོས་དེ་ཡིན་པ་རེད། འོན་ཀྱང་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་ལ་བརྟེན་ནས་རྒྱ་ནག་གིས་ཀྱང་ཉེས་ཆད་དེར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་བར་གྱི་ཚོང་འབྲེལ་ཆུང་ཏུ་ཕྱིན་ཡོད་པ་རེད་དེ། རྒྱ་ནག་གིས་བྱང་ཀོ་རི་ཡའི་གཞུང་དེ་བརྟན་པོ་གནས་པ་དང་ཀོ་རི་ཡའི་མཚོ་གླིང་ཁུལ་དུ་ཨ་རིའི་ཤུགས་རྐྱེན་ཆུང་དུ་གཏོང་ཆེད་དུ། བྱང་ཀོ་རི་ཡ་དང་འབྲེལ་ལམ་མུ་མཐུད་བྱེད་རྒྱུ་དང་། ཚོང་འབྲེལ་གང་ཡོང་བྱེད་རྒྱུ་གལ་ཆེན་ཆགས་ཡོད་སྐོར་དཔྱད་བརྗོད་པ་ཚོས་བརྗོད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།