ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་མཁན་བོད་དོན་རྒྱབ་སྐྱོར་བ་བཀག་ཉར།
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རག་ཏུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སྐོར་བསྐྱོད་དུ་འབྱོར་བར་ངོ་རྒོལ་བྱེད་མཁན་བོད་དོན་རྒྱབ་སྐྱོར་བ་དང་རྒྱ་རིགས་དབར་ལག་འཛིང་བྱས་པའི་གནས་ཚུལ་བྱུང་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེ་རག་ཏུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སྐོར་བསྐྱོད་དུ་འབྱོར་བར་ངོ་རྒོལ་བྱེད་མཁན་བོད་དོན་རྒྱབ་སྐྱོར་བ་དང་རྒྱ་རིགས་དབར་ལག་འཛིང་བྱས་པའི་གནས་ཚུལ་བྱུང་འདུག
དེ་ཡང་པེ་རག་ཆ་འཕྲིན་དུ་གནས་ཚུལ་བཀོད་པ་ལྟར་ན། ཟླ་འདིའི་ཚེས་༢༨ ཉིན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ། ཉིན་གཉིས་རིང་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་ཆབ་སྲིད་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་ཆེད་དུ་སྐོར་བསྐྱོད་ལ་འབྱོར་ཡོད་པ་རེད་དེ། སྐབས་དེར་ཁོང་འགྲོ་སའི་འགྲུལ་ལམ་གྱི་གཡས་གཡོན་དུ་ཡོད་པའི་གློག་ཤིང་སྟེང་ཅེག་རྒྱལ་ཁབ་དང་རྒྱ་ནག་གི་རྒྱལ་དར་དཔྱང་ཡོད་པར། བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་བོད་ཀྱི་རྒྱལ་དར་ཡར་འཕྱར་པས། ཉེན་རྟོག་པས་ལས་འགུལ་བ་༡༢ ཙམ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག
གནམ་ཐང་ནས་གྲོང་ཁྱེར་བར་གྱི་ལམ་ཟུར་དུ་རྒྱལ་དར་་གཉིས་པོ་དཔྱང་བྱེད་ཀྱི་འགྲོ་སོང་ཆ་ཚང་ཅེག་དང་རྒྱ་རིགས་མཉམ་མཐུན་ཞེས་པའི་ཚོགས་པས་བཏང་ཡོད་འདུག ཉིན་ཤས་སྔོན་ནས་རྒྱ་ནག་གི་རྒྱལ་དར་ལ་ངོ་རྒོལ་མཚོན་ཆེད་སྣག་ཚ་སྔོན་པོ་བྱུགས་པའི་གནས་ཚུལ་བྱུང་འདུག་ཀྱང། ཞེ་ཅིན་ཕིང་མ་འབྱོར་སྔོན་ནས་རྒྱལ་དར་དེ་དག་གཙང་མ་བཟོས་ཡོད་འདུག
དེ་བཞིན་ཞེ་ཅིན་ཕིང་འབྱོར་རྗེས་གནམ་ཐང་ནས་གྲོང་ཁྱེར་བར་གྱི་ལམ་ཟུར་དུ་རྒྱ་རིགས་དགའ་བསུ་བྱེད་མཁན་དང་། བོད་དོན་རྒྱབ་སྐྱོར་བ་ངོ་རྒོལ་བྱེད་མཁན་གྱི་བར་རྩོད་གླེང་བྱུང་བ་དང་། རྒྱ་རིགས་མང་པོས་བོད་ཀྱི་རྒྱལ་དར་རྒྱབ་ལ་བཏགས་མཁན་ཞིག་ལ་རྡུང་རྡེག་བཏང་བས། ཉེན་རྟོག་པས་བཀག་བྱས་ཡོད་པ་རེད། དེ་བཞིན་རྒྱ་རིགས་མང་པོ་ཞིག་དྲག་པོའི་ངང་བོད་དོན་རྒྱབ་སྐྱོར་བ་དང་ལག་འཛིང་བྱེད་པར་འགྲོ་བར་ཉེན་རྟོག་པས་བཀག་ཐབས་བྱས་ཡོད་པ་རེད། དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ལམ་ཟུར་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་༧གོང་ས་མཆོག་དང་བོད་དོན་རྒྱབ་སྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཅེག་གི་སྲིད་འཛིན་འདས་པོ་ཧ་ཝེལ་གཉིས་མཉམ་དུ་ཡོད་པའི་པར་པོ་ཞིག་འཁྱེར་ནས་འགྲོ་བཞིན་ཡོད་པས། རྒྱ་རིགས་ཚོས་པར་དེ་རྒྱ་ནག་གི་རྒྱལ་དར་ཆེན་པོ་ཞིག་གིས་འགེབས་ཐབས་བྱས་པས། ཕྱོགས་གཉིས་དབར་ཐོག་མར་ཁ་རྩོད་དང་རྗེས་སུ་ལག་འཛིང་གི་གནས་ཚུལ་བྱུང་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་དང་ཅེག་གི་སྲིད་འཛིན་ཛེ་མན་གཉིས་མཇལ་འཕྲད་གནང་ཡོད་པ་དང། སྲིད་འཛིན་ཛེ་མན་གྱིས་མཇལ་འཕྲད་དེ་ནི་རྒྱ་ནག་དང་ཅེག་གཉིས་ཀྱི་འབྲེལ་ལམ་གསར་པ་འགོ་འཛུགས་པ་ཡིན་པ། རྒྱ་ནག་གིས་ཅེག་ནང་ཚོང་འབྲེལ་གྱི་མ་རྩ་དངུལ་ཨ་སྒོར་ཐེར་འབུམ་༡.༨ འཇོག་སྲིད་སྐོར་འགྲེལ་བརྗོད་གནང་འདུག
དེང་གི་ཆར་རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་ཀྱི་རྐྱེན་པས་ཕྱིའི་རྒྱལ་ཁབ་མང་པོས་་བོད་དོན་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཐེ་བྱུས་བྱེད་ཀྱི་མེད་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།
བརྙན་འཕྲིན།