ཞི་ཅིན་ཕིང་ལ་“སྲིད་འཛིན་”ཞེས་པའི་མཚན་གནས་དེ་འོས་བབ་མེད་སྐོར་བརྗོད་འདུག
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་བཏོན་པའི་ལོ་འཁོར་སྙན་ཐོའི་ནང་། ཨ་རིས་རྒྱ་ནག་གཞུང་གི་དཔལ་འབྱོར་དང་དམག་གི་ཉེན་ཁ་ལ་ཁ་གཏད་གཅོག་པའི་བྱ་འགུལ་སྔར་བས་ལྷག་པ་སྤེལ་དགོས་པ་དང་། ཞི་ཅིན་ཕིང་ལ་“སྲིད་འཛིན”ཞེས་པའི་མཚན་གནས་དེའང་འགྲིག་མེད་པའི་དོགས་སློང་བྱས་ཡོད་འདུག
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་བཏོན་པའི་ལོ་འཁོར་སྙན་ཐོའི་ནང་། ཨ་རིས་རྒྱ་ནག་གཞུང་གི་དཔལ་འབྱོར་དང་དམག་གི་ཉེན་ཁ་ལ་ཁ་གཏད་གཅོག་པའི་བྱ་འགུལ་སྔར་བས་ལྷག་པ་སྤེལ་དགོས་པ་དང་། ཞི་ཅིན་ཕིང་ལ་“སྲིད་འཛིན”ཞེས་པའི་མཚན་གནས་དེའང་འགྲིག་མེད་པའི་དོགས་སློང་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཨ་རྒྱའི་དཔལ་འབྱོར་དང་བདེ་འཇགས་རྟོག་ཞིབ་ཚོགས་ཆུང་(the U.S-China Economic and Security Review Commision) གིས་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། “རྒྱ་ནག་ནི་མང་གཙོའི་རྒྱལ་ཁབ་ཅིག་མ་ཡིན་པ་དང་། དེའི་མི་སེར་རྣམས་ལ་འོས་ཤོག་བླུག་པའི་རང་དབང་ངམ། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་མེད་སྟབས། རྒྱ་ནག་དམར་ཤིག་གི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་ལ་འོས་བབ་མེད་པའི་“སྲིད་འཛིན་”ཞེས་པའི་མཚན་གནས་བྱིན་པ་དེས། རྒྱ་ནག་དམར་ཤོག་ཚོགས་པ་དང་ཞི་ཅིང་ཕིང་གི་སྒེར་གཅོད་སྲིད་དབང་ལ་མང་གཙོའི་ཁྲིམས་མཐུན་གྱི་ཕྱི་སྐོགས་གཡོག་པ་ཡིན་”ཞེས་འཁོད་ཡོད་འདུག
ད་ཐེངས་ཀྱི་སྙན་ཐོ་དེའི་ནང་། རྒྱ་ནག་གིས་སོ་སོའི་རྒྱལ་ཁབ་ནང་དུ་དྲག་གནོན་ནན་པོ་བྱེད་པའི་སྲིད་བྱུས་དེའི་དབང་གིས་ཚོགས་ཆུང་དེས་ཞི་ཅིན་ཕིང་ལ་“རྒྱ་ནག་གི་སྲིད་འཛིན་”ཞེས་འབོད་མཚམས་འཇོག་དགོས་ཁེལ་བའི་ཚུལ་བཀོད་ཡོད་འདུག་སྟེ། ཁོང་ཚོས་“གལ་སྲིད་རྒྱ་ནག་ཏུ་ཆབ་སྲིད་གུ་ཡངས་ཀྱི་འོད་སྣང་ཞིག་ཡོད་པ་ཡིན་ན། ད་ལྟ་འོད་སྣང་དེ་གཏན་ནས་མེད་པ་བཟོས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོའི་ཚོགས་ཆུང་གིས་ད་ལོ་ནས་ཞི་ཅིན་ཕིང་ལ་“རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་”ཞེས་འབོད་པའི་ཐག་གཅོད་བྱས་པ་ཡིན་ཞེས་སྨྲས་ཡོད་འདུག
གཞན་ཡང་སྙན་ཐོ་དེའི་ནང་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་གནས་སྟངས་སྐོར་ཡང་འཁོད་ཡོད་འདུག་སྟེ། ཚོགས་ཆུང་དེས་“ང་ཚོས་ཨ་རི་དང་རྒྱ་ནག་གི་མ་འོངས་པའི་འབྲེལ་ལམ་བྱེད་ཕྱོགས་ལ་ལྟ་དུས། རྒྱ་ནག་དམར་ཤོག་ཚོགས་པས་གོ་ལ་དབང་དུ་བསྒྱུར་བའི་དམིགས་ཡུལ་སྒྲུབ་ཆེད། བོད་དང་ཤིན་ཅང་སོགས་ཀྱི་མི་མང་རྣམས་ལ་སྡུག་སྦྱོང་གནར་གཅོད་དང་། འཇིགས་སྐུལ། བཙན་གྱིས་གནས་སྤོ་རུ་འཇུག་པ་སོགས་བརྗེད་མི་ཉན་”ཞེས་བསྣན་ཡོད་འདུག
ཚོགས་མི་བཅུ་གཉིས་ལས་གྲུབ་པའི་ཚོགས་ཆུང་དེས་ད་རུང་གོ་ལའི་དཔལ་འབྱོར་ཆེ་ཤོས་གཉིས་པར་གྱུར་བའིརྒྱ་ནག་གིས་མུ་མཐུད་འཛམ་གླིང་ཚོང་ལས་ལྷན་ཚོགས་(WTO) ཀྱི་དམ་བཅའ་དང་ལམ་ལུགས་རྩིས་མེད་གཏོང་གི་ཡོད་སྟབས། ཨ་རིས་ངེས་པར་དུ་ཐབས་བྱུས་མཁས་པོའི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་བྱེད་དགོས་པ་དང་། “གནས་སྟངས་ལེགས་ཤོས་དེ་ཡོང་བའི་འབད་བརྩོན་བྱེད་པ་དང་སྦྲགས། སྡུག་ཤོས་དེ་ལ་གྲ་སྒྲིག་བྱེད་དགོས་”པའི་སྐུལ་མ་ཡང་བཏང་ཡོད་འདུག
དེ་མིན་ད་རུང་སྙན་ཐོ་དེས་ཧོང་ཀོང་དང་ཐའེ་ཝན་གྱི་གནད་དོན་སྐོར་གླེང་ཡོད་པའི་ནང་། གལ་སྲིད་རྒྱ་ནག་གིས་དམག་མི་བཏང་ནས་ཧོང་ཀོང་གི་ངོ་རྒོལ་ལ་བཙན་གནོན་བྱས་པ་ཡིན་ན། ཨ་རིས་ཧོང་ཀོང་གྲོང་ཁྱེར་ལ་བྱིན་པའི་དཔལ་འབྱོར་གྱི་དམིགས་བསལ་ཐོབ་ཐང་དེ་ཕྱིར་བསྡུ་བྱེད་དགོས་པ་དང་། དེ་བཞིན་ཨ་རིས་ཐའེ་ཝན་དང་ལྷན་དུ་དམག་གི་སྦྱོང་བརྡར་མང་ཙམ་སྤེལ་རེས་བྱེད་དགོས་པའི་སྐོར་སོགས་འཁོད་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།