ཞི་བདེའི་འོད་སྣང་། མི་ནུབ་པའི་རྒྱལ་མཚན།
རྩོམ་པ་པོ། ཆབ་མདོ་ངག་ཕུན།
(དགུང་གྲངས་གྱ་དགུ་འཁོར་བའི་འཁྲུངས་སྐར་སྙིང་ནས་བསུ།)
འཛམ་གླིང་ཞི་བདེའི་དེད་དཔོན།། སངས་རྒྱས་བསྟན་པའི་སྲོག་ཤིང་།།
གངས་ཅན་པ་ཡི་མགོན་སྐྱབས།། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ།།
དགུང་གྲངས་གྱ་དགུར་ཕེབས་པའི།། སྐུ་ཡི་འཁྲུངས་སྐར་རྟེན་འབྲེལ།།
བསྐལ་བཟང་ཉིན་མོ་འདི་ལ།། གསོལ་བ་སྨོན་ལམ་འདེབས་སོ།།
༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ།། སྐུ་ཚེ་ཡུན་རིང་བརྟན་ཅིང་།།
ཐུགས་བཞེད་ལྷུན་གྱིས་འགྲུབ་པའི།། གསོལ་བ་སྨོན་ལམ་འདེབས་སོ།།
ཞེས་གསོལ་འདེབས་སྨོན་ཚིག་སྔོན་བསུ་སྟེ་གླེང་བར་བྱ་ནི། བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་རྒྱལ་བ་རིན་པོ་ཆེ་མཆོག་ནི། བོད་ཤར་ཕྱོགས་ཨ་མདོ་སྟག་འཚེར་ཞེས་པའི་གནས་སུ་༸རྒྱལ་ཡབ་ཆོས་སྐྱོང་ཚེ་རིང་དང་། ༸རྒྱལ་ཡུམ་བདེ་སྐྱིད་ཚེ་རིང་ངམ་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༥ ལོར་སྐུ་འཁྲུངས། ཐོག་མའི་མཚན་ལ་ལྷ་མོ་དོན་གྲུབ་ཞེས་གསོལ། རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ངོས་འཛིན་གནང་སྟེ་དབུས་ཕྱོགས་ཆོས་ཀྱི་ཞིང་དུ་གདན་འདྲེན་ཞུ་སྟེ་ཕྱི་ལོ་ ༡༩༣༩ ལོའི་བོད་ཟླ་ ༡༠ ཚེས་ ༡༣ ཉིན་ཇོ་བོ་ཤྭཀྱ་མུ་ནིའི་སྐུ་མདུན་དུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་གཙུག་ཕུད་བཞེས། མཚན་ལ་རྗེ་བཙུན་འཇལ་དཔལ་དང་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞེས་གསོལ་གནང་མཛད། གངས་ལྗོངས་ལྷ་མི་ཡོངས་རྫོགས་དགའ་སྐྱིད་ཀྱི་དཔལ་ལ་རོལ། དེ་ནས་རིམ་པས་རྒྱལ་བའི་ཡོངས་འཛིན་རྣམ་གཉིས་ཀྱི་མདུན་ནས་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལ་སོགས་གསན་བསམ་མཐར་ཕྱིན་མཛད་ནས་དགུང་ལོ་ཉེར་ལྔའི་ཐོག་ལྷ་ལྡན་སྨོན་ལམ་ཆེན་མོར་མཁས་དབང་བརྒྱ་ཕྲག་འཛོམས་པའི་དབུས་སུ་དགེ་བཤེས་ལྷ་རམ་པའི་དམ་འཇོག་མཛད་ཅིང་། སྐབས་དེར་ཁོང་གི་ལུང་རིག་གི་རྣམ་གཞག་ལ་དེ་ཡོད་འདུས་མང་ཡིད་དབང་ཡོངས་སུ་འཕྲོག
སྐབས་དེར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ལྗོངས་བཙན་བཟུང་བྱེད་ལ་ཉེ་བའི་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་དེར་ཕྱི་ལོ་ ༡༩༥༠ ལོར་བོད་འབངས་ཡོངས་ནས་གསོལ་འདེབས་ཞུ་དོན་ལྟར། ལོ་དེའི་ཟླ་བ་ ༡༡ ཚེས་ ༡༧ ཉིན་གངས་ལྗོངས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་གནང་མཛད། སྐབས་དེ་དུས་དགུང་ལོ་བཅོ་ལྔ་ལས་ཕེབས་མེད་རུང་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ཆོས་སྲིད་གཉིས་ཐུགས་འགན་བཞེས་དགོས་བྱུང་ཡོད། སྐབས་དེ་དུས་བོད་ཀྱི་ལམ་ལུགས་མང་པོ་ཞིག་ལེགས་བཅོས་གཏོང་རྒྱུར་དགོངས་པ་རླབས་ཆེན་བཞེས་ནས་ལེགས་བཅོས་ལས་ཁུངས་ཆེད་འཛུགས་མཛད་ཡོད་པ་རེད།
བོད་ནི་འཚེ་མེད་ཞི་བའི་ལྟེ་གནས་ཀྱི་རྒྱལ་ཁབ་གཅིག་ཡིན་པ་ལས་དྲག་པོའི་བེད་སྤྱོད་ཆེད་དུ་མཚོན་ཆ་བཟོ་སྐྲུན་བྱེད་ཀྱི་མེད་ལ། དེང་དུས་ཀྱི་གོ་མཚོན་ལྡན་པའི་དྲག་པོའི་དམག་དཔུང་དེ་འདྲ་གང་ཡང་མེད། ཞི་བདེ་དང་། རང་དབང་ལ་དགའ་བའི་མི་རིགས་ཤིག་གི་ཐོག་ཏུ་ཤར་ཕྱོགས་རྒྱ་དམར་གྱིས་དྲག་པོའི་བཙན་འཛུལ་བྱས་ཏེ་བོད་ཁམས་ཡོངས་བཙན་བཟུང་བྱས་པ་རེད། སྐབས་དེ་དུས་ནས་རྒྱལ་དབང་རིན་པོ་ཆེ་མཆོག་གིས་མི་བསད་ཁྲག་སྦྱོར་མི་དགོས་པའི་བོད་རྒྱ་ཞི་འགྲིགས་ཡོངས་ཐབས་ཀྱི་ཆེད་དུ་དམིགས་ནས་རྒྱ་ནག་ཏུ་ཕྱི་ལོ་ ༡༩༥༤ ལོར་ཕེབས་གནང་མཛད་ནས་ཐབས་ཤེས་རིམ་པ་གནང་རུང་དོན་འབྲས་མ་གསོན། སྐབས་དེར་རྒྱ་ནག་དམར་པོའི་སྲིད་གཞུང་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་མཐའ་ཐུག་གི་དམིགས་ཡུལ་ངོ་མ་ནི་བོད་མི་རིགས་དང་། ལྷག་དོན་ནང་ཆོས་དུག་ལ་ངོས་འཛིན་ནས་མེད་པ་བཟོ་རྒྱུ་ཡིན་པ་གསལ་རྟོགས་ཐུབ་པ་བྱུང་ཡོད།
རྒྱ་ནག་ནས་བོད་ལ་ཕྱིར་ཕེབས་པ་དང་། ཕེབས་ལམ་ནས་བོད་མི་མང་ཚོགས་མང་པོ་ཞིག་དང་ཐུག་འཕྲད་བྱུང་ཞིང་། སྐབས་དེ་དུས་བོད་ཀྱི་གནས་སྟངས་མང་པོ་ཞིག་གསལ་རྟོགས་བྱུང་། ལྷག་དོན་བོད་སྡོད་རྒྱ་དམར་གྱི་འགོ་ཁྲིད་ཚོས་བོད་མིའི་འདོད་བློ་དང་མ་འཚམས་པའི་ལས་དོན་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད། ལྷག་པར་དུ་རྒྱ་དམར་གྱིས་ཇུས་ངན་བཤམས་ནས་ཕྱི་ཚུལ་ལ་༸རྒྱལ་དབང་རིན་པོ་ཆེ་མཆོག་དམག་ཁུལ་ཁང་དུ་གཟིགས་མོར་གདན་འདྲེན་ཞུ་ཁུལ་དང་། ནང་དོན་ངོ་མ་༸རྒྱལ་བའི་སྐུ་ཕྱྭར་གནོད་འཚེ་བརྩམས་འཆར་ཡོད་པ་ལྷ་སྡོད་བོད་འབངས་ཚོས་གསལ་པོ་ཤེས་རྟོགས་བྱུང་ནས། བོད་རིགས་ཆོལ་གསུམ་སྤུན་ཟླ་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་རང་དབང་སྒེར་ལངས་ཀྱི་རྔམ་སྟོན་གཞི་རྒྱ་ཆེན་པོ་བྱས་པ་དང་། དེར་རྒྱ་གཞུང་གིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་དྲག་གནོན་བྱས་ནས་རང་རེའི་དཔའ་བོ་དཔའ་མོ་དུ་མ་ཞིག་གི་སྐུ་སྲོག་འཕྲོག་ཡོད་པ་རེད། དེ་འདྲའི་གནས་སྟངས་ཛ་དྲག་འོག་ནས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ དགོང་དྲོ་ལྷ་ས་ནས་བོད་རིགས་དང་ཡང་སྒོས་སངས་རྒྱས་བསྟན་པའི་དོན་དུ་སྐུ་ངལ་མཛད་མེད་ཀྱིས་ལ་ལུང་མང་པོ་བརྒལ་ནས་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད།
དང་ཐོག་མ་སུ་རི་ལ་ཕེབས་གྲུབ་པ་དང་བསྟུན་འཆར་གཞི་གོ་རིམ་ལྡན་པའི་ད་ལྟ་ཡོད་བཞིན་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་འཆར་འགོད་མཛད་ཅིང་། དེ་ནས་རིམ་པའི་དེང་རབས་དམངས་གཙོའི་ལམ་ལུགས་དང་མཐུན་པ་བོད་བྱོལ་བོད་མའི་སྒྲིག་འཛུགས་བསྒྱུར་བཅོས་སྐུ་ངལ་ཚད་མེད་མཛད་ནས་བཙུགས་གནང་མཛད་ཡོད། སྐབས་དེ་དུས་མི་ཡུལ་ལུང་པར་ངོ་ཤེས་པའི་གནམ་དང་ས་ལས་མེད་རུང་། ཐུགས་སེམས་ཞུམ་པ་མེད་པའི་རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་ས་ནས་བྱ་དགོས་པའི་བཀའ་སློབ་དང་ལམ་སྟོན་ཡང་ཡང་མཛད་པ་ཙམ་དུ་མ་ཟད། བོད་མིའི་ཁེར་གཙང་སློབ་གྲྭ་ཁེར་གཙང་ཟུར་འཛུགས་མཛད་པའི་དྲིན་ལས་དེང་སྐབས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མ་ཡལ་བར་གསོན་པོ་རང་རེའི་ན་གཞོན་རྣམས་ཀྱི་སེམས་རྒྱུད་སློབ་གསོ་སྤྲད་ཐུབ་པ་བྱུང་ཡོད་ལ། དེ་བཞིན་བོད་མིའི་ཁེར་གཙང་གཞིས་ཆགས་ཟུར་འཛུགས་མཛད་པ་དེ་ལས་ཀྱང་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་དང་། བོད་མི་རིགས་ཀྱི་སྐད་ཡིག་བཅས་མ་ཡལ་བར་གནས་ཐུབ་པ་མཛད་རྗེས་རླབས་ཆེན་བཞག་ཡོད་པ་ནི་བདག་འདྲ་བ་ཞིག་གིས་བརྗོད་ག་ལ་ནུས། ལྷག་དོན་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ལྟར་རྒྱས་སྤྲོས་གང་ཡང་མེད་པ་མི་དཀྱུར་མ་ནང་བཞིན་གཞིས་ཆགས་དང་། སློབ་གྲྭ་ཁག །དགོན་སྡེ་བཅས་སུ་སྐུ་ངལ་འཛེམས་མེད་ཀྱིས་ཡང་ཡང་ཆིབས་སྒྱུར་བསྐྱངས་ནས་བོད་རིགས་རྒན་དར་གཞོན་གསུམ་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་གཅེས་གནང་དགོས་པའི་ཐུགས་བརྩེ་བ་ཆེན་པོའི་བཀའ་སློབ་ལམ་སྟོན་སོགས་ཡང་ཡང་མཛད་པ་བརྟེན་ནས་བོད་མི་རྣམས་མི་ཡུལ་ལུང་པར་གསོན་པོར་གནས་ཐུབ་པ་བྱུང་ཡོད།
༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེའི་བཀའ་དྲི་ཉག་ཅིག་ལས་དེང་སྐབས་བོད་མི་རིགས་འདི་ཉིད་འཛམ་གླིང་གི་ས་ཁྲའི་ཐོག་ནས་མ་ཡལ་བ་གསོན་པོ་གནས་ཐུབ་པ་བྱུང་ཡོད། དེ་དག་རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཁོ་ན་ཡིན་པ་རང་རེའི་ཚང་མའི་ཤེས་དགོས་པ་ཞིག་རེད། ང་ཚོར་རྩ་བའི་བླ་མ་ཁོང་འདྲ་བ་ཞིག་མེད་ཚེ། ད་ལྟ་བོད་མི་རིགས་ཟེར་བ་མིང་སྐམ་པོ་ཙམ་ལས་ལྷག་ཡོད་ཀྱི་མ་རེད། རྒྱལ་བ་རིན་པོ་ཆེའི་དྲིན་ལས་མི་རིགས་འདི་ཉིད་འཛམ་གླིང་ཐོག་ཏུ་གསོན་པོར་གནས་ཐུབ་པ་ཙམ་དུ་མ་ཟད། ཀུན་གྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་ཡིད་སྨོན་བྱེད་བཞིན་ཡོད། དེ་སྔོན་བོད་ཟེར་བ་མིང་ཙམ་ཡང་གོ་མྱོང་མེད་པའི་རྒྱལ་ཁབ་ཚོའི་བོད་རིགས་ཟེར་བ་གོ་བ་ཙམ་དུ་མ་ཟད་རིག་གཞུང་ཕུན་སུམ་ཚོགས་པ་ཡོད་པ་ཤེས་རྟོགས་ཐོབ་པ་བྱུང་ཡོད། དེ་དག་ནི་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ཁོ་ན་ཡིན་པ་རེད།
མགོན་པོ་མཆོག་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་ནས་ཕྱི་རྒྱ་ཁག་ལ་ཕེབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་མཛད་པ་ཙམ་དུ་མ་ཟད། འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་ཐབས་སུ་བཀའ་སློབ་ལམ་སྟོན་གནང་བ་སོགས་ལ་བརྟེན་འཛམ་གླིང་གི་སྐྱེ་བོ་བརྒྱ་ཕྲག་དུ་མའི་སེམས་ནང་ཞི་བདེའི་འོད་སྣང་བསྐྲུན་ཐུབ་པ་བྱུང་ཡོད། དེ་འདྲའི་རླབས་ཆེན་དགོངས་བཞེས་ཟབ་མོ་དེ་དག་འཛམ་གླིང་གི་སྐྱེ་བོ་དུ་མ་ཡིད་དབང་འཕྲོག་ནས་འཛམ་གླིང་ནང་གི་ཆེས་སྙན་གྲགས་ཆེ་བའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད། དེ་བཞིན་འཛམ་གླིང་གི་བློ་ཟུར་བོ་གནས་པའི་རྒྱལ་ཁབ་དུ་མའི་ཞི་བདེའི་རྟགས་མ་གྲངས་ལས་འདས་པ་འབུལ་གནང་མཛད་ཡོད་པརེད། དགུང་ལོ་མཐོན་པོ་དེ་ཙམ་ཕེབས་ཡོད་རུང་སྐུ་ངལ་འཛེམས་ཀྱིས་ཕྱི་ནང་གི་དད་ལྡན་པའི་འདོད་མོལ་ལྟར་མཇལ་ཁ་གནང་བ་སོགས་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་གནང་མཛད་བཞིན་ཡོད། ད་ལོ་རྒྱལ་དབང་རིན་པོ་ཆེ་མཆོག་སྐུ་གྲངས་གྱ་དགུ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་འདིར་མགོན་པོ་མཆོག་ལ་གངས་ལྗོངས་ལྷ་མི་ཡོངས་ནས་བཀའ་དྲིན་རྗེས་དྲན་ཞུ་བ་དང་འབྲེལ། སྐུ་ཚེ་ཡུན་རིང་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། ཆབ་མདོ་ངག་ཕུན་ཞེས་འབོད་པའི་ས་མཐའ་སྤྲང་འཁྱམ་པས་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༤ ཉིན་མོར་བྲིས་ཤིང་སྤེལ་བའོ།
སྨྲས་པ།
གངས་ཅན་པ་ལ་དྲིན་ཅན་སྐྱབས་མགོན་མཆོག
དགུང་གྲངས་གྱ་དགུ་ཕེབས་པའི་རྟེན་འབྲེལ་ལ།།
ལག་གཉིས་ཐལ་མོ་སྙིང་ཁར་ཡོངས་སྦྱར་ནས།།
མགོན་ཁྱེད་སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།།
གངས་ཅན་ལྗོངས་ཀྱི་གནས་མཆོག་ཞིང་ཁམས་སུ།།
རང་དབང་བདེ་སྐྱིད་འོད་སྣང་མྱུར་ཤར་ནས།།
གསེར་ཁྲི་པདྨའི་གདན་སྟེང་དུ་ཞབས་སོར་བཀོད།།
གངས་ཅན་པ་ལ་ཆོས་ཀྱི་ཆར་པ་འབབ།།
གཞིས་བྱེས་ལྷན་འཛོམས་དགའ་བདེ་དཔལ་དུ་རོལ།།
ལྷ་མི་རྣམས་ཀྱིས་སྙན་པའི་བྲོ་གླུའི་མཆོད་པ་འབུལ།།
ལྷ་བསངས་དུད་སྤྲིན་ལྷབ་ལྷུབ་མཁའ་དབྱིངས་ལྡིང་།།
ཀི་བསོ་ལྷ་རྒྱལ་འབོད་སྒྲས་ཁེངས་འགྱུར་ཅིག།