ཟབ་སྦྱོང་སྤྲོད་པར་ཟབ་མོ་ཤེས་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༩༤  ཕྱི་ལོ་ ༢༠༢༠/༠༣/༡༨

བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་མིའི་ནུས་པ་གསོ་སྐྱོང་ཆེད་འདས་པའི་ངོ་ལོ་ཉི་ཤུ་ཙམ་གྱི་རིང་། ཟབ་སྦྱོང་གང་མང་ཞིག་སྤྲོད་སྲོལ་དར་བ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་ཕྱོགས་གཅིག་ནས་ལས་དོན་བྱེད་སྟངས་མང་པོ་ཞིག་ལ་རྒྱུས་མངའ་ཡོང་ཐབས་སོགས་ལག་ལེན་དངོས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། སྐབས་རེ་ཟབ་སྦྱོང་དེ་སྐར་མ་ལྔ་ཅན་གྱི་མགྲོན་ཁང་དུ་གོ་སྒྲིག་བྱས་པ་སོགས་ཀྱིས་སྤྱི་ཚོགས་ནང་། ཟབ་སྦྱོང་མ་རེད་ཟ་སྦྱོང་རེད། ཟེར་མཁན་ཡང་ཡོད། གང་ལྟར་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་ལ་མཚོན་ནའང་། ཟབ་སྦྱོང་ལ་རོགས་དངུལ་གནང་མཁན་མང་པོ་ཡོད་པས་ཟབ་སྦྱོང་ནི་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དར་སྲོལ་ཆེན་པོ་ཡོད། ལོ་འདིར་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་དང་ཐུག་ཡོད་པས་སྤྱི་ཚོགས་ནང་འོས་བསྡུ་དང་འབྲེལ་བའི་གོ་རྟོགས་སྤེལ་བའི་ལས་འགུལ་མང་པོ་ཞིག་ཡོང་ངེས་པ་དང་། ལྷག་པར་དུ་འོས་བསྡུའི་འགན་འཛིན་དང་འགན་འཛིན་ལས་འཕར་གཉིས་ས་ཕྱོགས་གང་སར་ཕེབས་ནས་ཟབ་སྦྱོང་གནང་ངེས་རེད།

སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དུས་ཐུང་ཟབ་སྦྱོང་ཙམ་མ་ཡིན་པར། ཆེད་ལས་སྦྱོང་བརྡར་རག་མཁན་མང་པོ་ཞིག་ཀྱང་ད་ལྟའི་ཆར་ལས་གནས་དེ་དག་ཏུ་ཡོད་མཁན་དཀོན་ལ། སྐབས་རེ་ཆེད་ལས་དེ་དག་དང་བཙན་བྱོལ་སྤྱི་ཚོགས་དབར་འབྲེལ་བ་མེད་པ་ལྟ་བུ་དང་། སྐབས་རེ་ཆེད་ལས་དེ་གང་ཟག་སོ་སོའི་དམིགས་ཡུལ་དང་ཡང་འབྲེལ་བ་ཡོད་དམ་སྙམ་པ་ལྟ་བུ་སོགས་གནས་སྟངས་མི་འདྲ་བ་མང་པོ་མཐོང་རྒྱུ་ཡོད། འོན་ཀྱང་སྤྱི་ཚོགས་འདི་ཉིད་མུ་མཐུད་གནས་དགོས་སྟབས་འོས་བསྡུ་ཆེན་མོ་སོགས་ཀྱི་སྐབས་ལས་དོན་བྱེད་ཕྱོགས་ཀྱི་གོ་རྟོགས་ལས་འགུལ་ལམ་ཟབ་སྦྱོང་ངེས་པར་དགོས་པ་ཞིག་ཏུ་གྱུར་ཡོད། ད་ལོ་ཏོག་དབྱིབས་ནད་དུག་གིས་འགལ་རྐྱེན་མ་བྱུང་ན་ལས་འགུལ་འདི་རིགས་ལ་དབུས་ས་གང་ཐད་ནས་ཤུགས་རྒྱག་དགོས་པ་དེ་གལ་ཆེ་བ་མ་ཟད། ངེས་པར་གོ་རྟོགས་ཟབ་མོ་ཡོད་དགོས་པ་ཞིག་ཏུ་གྱུར་ཡོད། དབུས་འོས་བསྡུའི་འགན་འཛིན་དང་། འགན་འཛིན་ལས་འཕར་གཉིས་ཀྱིས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ལ་སྦྱོང་བརྡར་ངེས་པར་གནང་དགོས།

ཉེ་ཆར་ཕྱི་ཚེས་༡༡ ཉིན་དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “ཁྲིམས་སྒྲིག་ནང་གསལ་པོ་ཡོད་བཞིན་དུ་རང་འདོད་རློམ་པའམ་སྤྱང་གྲུང་དོད་མདོག་གིས་ཁྲིམས་སྒྲིག་ཁག་ལ་ཉམས་ལེན་ཚུལ་མཐུན་མ་བྱུང་བའི་འགལ་འཛོལ་ཞིག་ལ་སོང་།  དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཆགས་ཁག་ནས་ཡིད་གཟབ་བྱ་དགོས་ནན་བསྐུལ་དང་།  གལ་ཏེ་ད་དུང་གནས་(གནད་)དོན་འདི་རིགས་འཐོན་ཚེ་ཁྲིམས་སྒྲིག་དགོངས་དོན་ལག་བསྟར་ཡན་པོར་མ་སོང་བ་བྱ་ངེས་ཡིན།”ཞེས་འཁོད་འདུག་པ་དང་། གོང་གི་ཚིག་དེ་དག་གི་ཁྲིམས་ལུགས་ཀྱི་རྒྱབ་རྟེན་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་༨ པའི་དོན་ཚན་༩༧ པའི་ནང་གསེས་༢ པའི་ཀ་པ་དང་།  འོས་བསྡུའི་སྒྲིག་གཞིའི་ལེའུ་༣ པའི་དོན་ཚན་༥༣ པ། དེ་བཞིན་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ པའི་ནང་གསེས་༩ པ་བཅས་ལུང་འདྲེན་གནང་འདུག་ཀྱང་། བཅའ་ཁྲིམས་ཀྱི་དོན་༩༧ པ་ནི་འོས་བསྡུའི་འགན་འཛིན་ལས་འཕར་འདེམས་སྟངས་སྐོར་ཡིན་པ་དང་། འོས་བསྡུའི་སྒྲིག་གཞི་དོན་ཚན་༥༣ པ་ནི་འོས་བསྡུའི་ལས་རིམ་གྱི་དུས་ཡུན་ཙམ་རེད།

འོས་བསྡུ་ལས་ཁང་ནས་འོས་བསྡུའི་ལས་རིམ་འགོ་འཛུགས་ཀྱི་གསལ་བསྒྲགས་མ་གནང་བའི་སྔོན་ལ་འོས་བསྡུ་དང་འབྲེལ་བའི་བྱ་འགུལ་གང་ཡང་སྤེལ་མི་ཆོག་པ་ཞིག་ཏུ་གོ་བ་ལེན་དགོས་ན། འོས་བསྡུའི་འགན་འཛིན་གྱིས་འོས་བསྡུ་དང་འབྲེལ་བའི་ཕྱོགས་བསྐྱོད་གསུང་བཤད་འདི་དག་ཀྱང་དོན་ཚན་འདི་དག་དང་འགལ་ཡོད་མེད་ཀྱི་དོགས་པ་ཞིག་རང་བཞིན་གྱིས་སླེབས་ཡོང་གི་རེད། དངོས་སུ་དོན་ཚན་དེ་ནི་གཞུང་འབྲེལ་གྱི་འོས་བསྡུ་ཆེན་མོའི་དུས་ཡུན་སྐོར་ཙམ་ལས་གཞན་དང་འབྲེལ་བ་ཡོད་པ་ཞིག་འོས་བསྡུའི་སྒྲིག་གཞིའི་མགོ་མཇུག་བར་གསུམ་གང་དུའང་གསལ་མེད། འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ པ་ནི། དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་དང་རྒྱུད་སྐུལ་ཐབས་ཤེས་ཀྱི་སྐོར་ཡིན་ལ། ནང་གསེས་༩ པའང་དེ་དང་འབྲེལ་བའི་སྟངས་འཛིན་བྱེད་ཐབས་ཤིག་ཏུ་གྱུར་ཡོད། དོན་ཚན་འདི་རྒྱབ་རྟེན་དུ་དྲངས་པ་ནི། ཅུང་གནད་འགག་ཆེན་པོ་ཞིག་ཏུ་བསྒྱུར་བ་ལྟ་བུ་ཡིན་ལ། དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་དང་རྒྱུད་སྐུལ་ཐབས་ཤེས་བྱས་པ་ཞིག་ཏུ་འགྱུར་བར་དཔག་ཚད་མང་པོའི་བར་ཐག་གིས་ཆོད་ཡོད།

མདོར་ན་མཐོ་རིམ་དཔོན་རིགས་སུ་ཡིན་ཡང་བཅའ་ཁྲིམས་དང་སྒྲིག་གཞི་ལ་སྦྱོང་བརྡར་གནང་བར་སྤམ་ཤོར་དགོས་པ་ཞིག་གང་ཡང་མིན་ལ། ལས་གནས་ཤིག་ཏུ་སླེབས་པ་ཙམ་གྱིས་རང་བཞིན་གྱིས་ཁྲིམས་ལུགས་ལ་བྱང་ཆུབ་པ་ཞིག་ཏུ་འགྱུར་མི་སྲིད། དེར་བརྟེན་སྤྱི་ཚོགས་ནང་ཟབ་སྦྱོང་མང་པོ་དགོས་པ་བཞིན། ཐོག་མ་ཟབ་སྦྱོང་གནང་མཁན་ལ་ཟབ་སྦྱོང་ངེས་པར་དུ་ཡོད་དགོས། དཔེར་ན་དབང་ལུང་མན་ངག་གནང་བར། གནང་མཁན་དེར་དབང་ལུང་མན་ངག་དེ་དག་ངེས་པར་དུ་ཡོད་དགོས་པ་བཞིན། ཁྲིམས་དང་སྒྲིག་གཞི་སོགས་ཀྱི་ཟབ་སྦྱོང་གནང་སྐབས་ཀྱང་ཟབ་སྦྱོང་གནང་མཁན་རྣམས་ཀྱིས་དེའི་དོན་ཚུལ་བཞིན་རྟོགས་དགོས་པ་མ་ཟད། དེའི་རྒྱབ་ལྗོངས་དང་དམིགས་ཡུལ་སོགས་ཉམས་མྱོང་ཅན་དག་ལས་བསླབ་བྱ་ལེན་དགོས། ད་ལན་སྲིད་སྐྱོང་དུ་བཞེངས་འཆར་ཡོད་པའི་མི་སྣ་དག་གིས་བྱེད་སྟངས་དེ་ཁྲིམས་སྒྲིག་དང་འགལ་བ་ཞིག་ཏུ་ངོས་འཛིན་བྱེད་ཐབས་མེད་པ་དང་། སྐབས་སྔོན་མ་ཞིག་ལ་བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱ་ཡང་བཟོས་ནས་དྲིལ་བསྒྲགས་བྱས་པ་སོགས་ཀྱི་ལམ་ལུགས་ཀྱང་ཡོད།།

Leave a Reply

Your email address will not be published. Required fields are marked *