ཟམ་པ་ཆད་པའི་དབང་གིས་མི་གྲངས་༡༤༡ ལྷག་གི་ཚེ་སྲོག་ཤོར་འདུག
ཟླ་འདིའི་ཚེས་༣༡ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། གྷོ་ཇུ་ར་ཐིའི་ནང་ཟམ་པ་ཞིག་ཆད་པའི་རྐྱེན་གྱིས་མི་གྲངས་༡༤༡ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ༧གོང་ས་མཆོག་གིས་མངའ་སྡེ་བློན་ཆེན་མཆོག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༣༡ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། གྷོ་ཇུ་ར་ཐིའི་ནང་ཟམ་པ་ཞིག་ཆད་པའི་རྐྱེན་གྱིས་མི་གྲངས་༡༤༡ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ༧གོང་ས་མཆོག་གིས་མངའ་སྡེ་བློན་ཆེན་མཆོག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༣༠ དགོང་མོར་གྷོ་ཇུ་ར་ཐིའི་ནང་ལ་ཟམ་པ་ཞིག་གི་ཐོག་ལ་ཕྲུ་གུ་དང་ཕོ་མོ་རྒན་གཞོན་ཁྱོན་བསྡོམས་༥༠༠ ཙམ་འགྲོ་བཞིན་པའི་སྐབས་སུ་ཟམ་ཐག་ཆད་ནས་ཟམ་ཐོག་ཏུ་ཡོད་པའི་མི་རྣམས་ཆུའི་ནང་དུ་ལྷུང་ཡོད་པ་དང་། ད་བར་མི་གྲངས་༡༤༡ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་ཉེན་སྐྱོབ་རུ་ཁག་གིས་ད་བར་མི་གྲངས་ཁྱོན་བསྡོམས་༡༧༧ ལྷག་སྐྱབས་ཡོད་པའི་གནས་ཚུལ་ཐོན་འདུག
ཟམ་པ་དེ་འཛུགས་བསྐྲུན་བྱས་ནས་བཟུང་ད་བར་ལོ་ངོ་༡༥༠ ཕྱིན་ཡོད་པ་དང་ཆ་སྙོམ་མི་གྲངས་༡༢༥ ཡི་ལྗིད་ཚད་ཙམ་འཁྱོགས་ཀྱི་ཡོད་འདུག འདས་པའི་ཟླ་བ་བདུན་གྱི་རིང་ཟམ་པ་བསྐྱར་གསོ་བྱས་པའི་དབང་གིས་ཟམ་ཐོག་ཏུ་མི་བཏང་མེད་པ་དང་། ཟླ་བ་བཅུ་པའི་ཚེས་༢༦ ནས་ཟམ་ཐོག་ཏུ་མི་གཏོང་རྒྱུ་འགོ་འཛུགས་བྱས་ཡོད་འདུག
མངའ་སྡེ་གཞུང་གིས་ཚེ་སྲོག་ཤོར་མཁན་རེ་ལ་གུན་གསབ་ཀྱི་དོན་དུ་ཧིན་སྒོར་འབུམ་བཞི་རེ་དང་རྨས་སྐྱོན་ཕོག་མཁན་དག་ལ་ཁྲི་ལྔ་རེ་སྤྲད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། རྒྱ་གར་གྱི་སྲིད་བློན་མུ་དྷི་ཡིས་སྲོག་སྐྱོན་ཤོར་མཁན་ནང་མི་དག་ལ་རོགས་རམ་གྱི་དོན་དུ་ཧིན་སྒོར་འབུམ་གཉིས་རེ་སྤྲད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག
གཞན་ཡང་གོད་ཆག་དེའི་ཁྲོད་དུ་འཚེ་སྲོག་ཤོར་མཁན་དག་ལ་བསྔོ་བ་སྨོན་ལམ་དང་ཤུལ་ལུས་ནང་མི་སྤུན་མཆེད་ཚོ་ལ་སེམས་གསོའི་ཆེད་དུ་༧གོང་ས་མཆོག་གིས་གྷོ་ཇུ་ར་ཐིའི་བློན་ཆེན་བྷུ་པན་ཌར་པ་ཊ་(Bhupendra Patel) ལ་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་འདུག་ལ། སང་ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་ཡང་གོད་ཆག་བྱུང་སའི་ས་གནས་སུ་ཕེབས་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།