ཟླ་བ་དྲུག་གི་རིང་ཨ་སྒོར་ཐེར་འབུམ་༥ དགོས་པའི་ཤྲི་ལང་གའི་དཀའ་ངལ།
ཟླ་འདིའི་ཚེས་༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཤྲི་ལང་གའི་ཡུལ་དུ་འདས་པའི་མི་ལོ་༧༠ རིང་བྱུང་མ་མྱོང་བའི་དཔལ་འབྱོར་གྱི་དཀའ་ངལ་ཆེ་ཤོས་དེ་འཕྲད་བཞིན་ཡོད་པ་དང་། ཤྲི་ལང་གིའི་ཡུལ་དུ་མ་འོངས་ཟླ་བ་དྲུག་གི་རིང་དགོས་གལ་ཆེ་བའི་དངོས་ཟོག་ཉོ་ཆེད་ཨ་སྒོར་ཐེར་འབུམ་༥ ལྷག་དགོས་ཀྱི་ཡོད་པ་ཤྲི་ལང་གའི་སྲིད་བློན་གྱིས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག
ཤྲི་ལང་གའི་དཔལ་འབྱོར་གྱི་བློན་ཆེན་(Wickremesinghe)གྱིས་ཤྲི་ལང་གའི་ཡུལ་དུ་མི་མང་ས་ཡ་༢༢ ཙམ་ཡོད་པ། ད་ལྟའི་ཆར་ཤྲི་ལང་གའི་ཡུལ་དུ་བུད་རྫས་(Fuel)ནང་འདྲེན་བྱེད་ཆེད་ཨ་སྒོར་ཐེར་འབུམ་༣.༣ དང་།བཟའ་ཆས་ཀྱི་རིགས་ནང་འདྲེན་གྱི་དོན་དུ་ཨ་སྒོར་ས་ཡ་༩༠༠ ། དེ་བཞིན་རྫས་ལུད་ནང་འདྲེན་གྱི་ཆེད་དུ་ཨ་སྒོར་ས་ཡ་༦༠༠ དང་ཟ་སྣུམ་གྱི་དོན་དུ་ཨ་སྒོར་ས་ཡ་༢༥༠ དགོས་ཀྱིི་ཡོད་པའི་སྐོར་དང་། མི་མང་པོ་ཞིག་ཟ་རྒྱུ་མེད་པར་ལྷག་ངེས་ཡིན་པ་དང་ད་ལྟའི་བཟའ་ཆས་ཀྱི་ལས་གཞི་དེ་ཡིས་མི་ཀུན་ལ་ཁ་ལག་རག་རྒྱུ་ཡིན་པ་དང་། ཐ་ན་ཡོང་སྒོ་མེད་མཁན་དག་ལ་ཡང་ཁ་ལག་རག་རྒྱུ་ཡིན་རབས་བརྗོད་འདུག
ཤྲི་ལང་གིའི་ཁྲིམས་བཟོ་བ་དག་གིས་རྒྱ་གར་གྱི་རྩ་ནས་རྫས་ལུད་ཉོ་རྒྱུའི་དོན་དུ་རྒྱ་གར་གྱི་ཨེ་རྫིམ་(Exim Bank)ཞེས་པའི་དངུལ་ཁང་ལས་ཨ་སྒོར་ས་ཡ་༥༥ བུ་ལོན་གཡར་རྒྱུའི་ཁས་ལེན་བྱེད་འདུག ཤྲི་ལང་གའི་ཡུལ་དུ་དཔལ་འབྱོར་ཉམས་ཉེན་གྱི་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན་མི་མང་གིས་སྲིད་གཞུང་ལ་མུ་མཐུད་ངོ་རྒོལ་བྱེད་མུས་ཡིན་པ་དང་། བདུན་ཕྲག་སྔོན་མའི་ནང་དུ་ཤྲི་ལང་གའི་སྲིད་བློན་མ་ཧིན་དྷ(Mahinda)ལས་གནས་ནས་དགོངས་པ་ཞུས་ཡོད་པ་རེད་འདུག ཁོང་གི་གཅེན་པོ་ནི་ད་ལྟའི་ཆར་ཤྲི་ལང་གའི་སྲིད་འཛིན་ཡིན་པ་དང་། ཁོང་གཅེན་གཅུང་གཉིས་ཀྱིས་འདས་པའི་མི་ལོ་༢༠ རིང་ཤྲི་ལང་གའི་ཆབ་སྲིད་ཀྱི་གོ་གནས་མཐོ་ཤོས་དེ་བཟུང་ཡོད་པའི་གནས་ཚུལ་ཐོན་འདུག
གཞན་ཡང་བདུན་ཕྲག་སྔོན་མའི་ནང་དུ་ཤྲི་ལང་གའི་ཞིང་ལས་བློན་ཆེན་གྱིས་ཤྲི་ལང་གའི་བཟའ་ཆས་ཀྱི་དཀའ་ངལ་དེ་ཇེ་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། ཞིང་པ་ཚོས་འབྲས་འདེབས་དགོས་པའི་རེ་སྐུལ་ཞུས་ཡོད་འདུག
ཤྲི་ལང་གའི་ཡུལ་གྱི་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་དེ་ནི་གཙོ་བོ་གཞུང་གིས་དཔལ་འབྱོར་སྟངས་འཛིན་ལེགས་པོ་མ་བྱེད་པ་དང་། མི་མང་རྩ་ནས་བཅའ་ཁྲལ་བསྡུ་རྒྱུ་ཉུང་དུ་བཏང་བ། ཏོག་དབྱིབས་གཉན་རིམས་༡༩ ཁྱབ་གདལ་དུ་ཕྱིན་པའི་དབང་གིས་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་མེད་པ། གཞན་ཡང་རྒྱ་ནག་གཙོས་པའི་རྒྱལ་ཁབ་དང་ཚོགས་སྡེ་མང་པོ་ནས་དངུལ་ཕོན་ཆེན་གཡར་ནས་བུ་ལོན་གྱི་ནང་དུ་ཚུད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན། ད་ལྟའི་དཔལ་འབྱོར་ཉམས་ཉེན་གྱི་དཀའ་ངལ་འདི་འཕྲད་བཞིན་པ་རེད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།