འགག་ལ་ཐུག་པའི་བོད་དོན།
ཉེ་བའི་ལོ་ཤས་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དབར་ལྟ་ཚུལ་མི་མཐུན་པ་བྱུང་ནས། རྩོད་རྙོག་སྣ་ཚོགས་ཤིག་གཅིག་རྗེས་གཉིས་མཐུད་དུ་འཕྲད་ཡོད་པ་དང་། མ་འོངས་པར་ཡང་ཕྱོགས་ཚང་མས་བསམ་ཤེས་ཡག་པོ་བྱེད་མ་ཐུབ་ན་རྩོད་རྙོག་མུ་མཐུད་ཡོང་ངེས་པ་རེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༦༥ ཕྱི་ལོ་ ༢༠༢༡/༡༠/༢༠
ཉེ་བའི་ལོ་ཤས་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དབར་ལྟ་ཚུལ་མི་མཐུན་པ་བྱུང་ནས། རྩོད་རྙོག་སྣ་ཚོགས་ཤིག་གཅིག་རྗེས་གཉིས་མཐུད་དུ་འཕྲད་ཡོད་པ་དང་། མ་འོངས་པར་ཡང་ཕྱོགས་ཚང་མས་བསམ་ཤེས་ཡག་པོ་བྱེད་མ་ཐུབ་ན་རྩོད་རྙོག་མུ་མཐུད་ཡོང་ངེས་པ་རེད། དོན་དངོས་སུ་རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གི་སྲིད་དོན་མི་སྣ་ཇི་བཞིན་དབང་ཚད་དང་གོ་སྐབས་ཡོད་པ་ཞིག་མིན་པར། བོད་དོན་འཐབ་རྩོད་ཀྱི་ཐོག་ནས་བསམ་བློ་བཏང་ན། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་ཆབ་སྲིད་མི་སྣ་རྣམ་པ་ལས་ཀྱང་འགན་ཁུར་ཆེ་བ་ཡོད་པ་ནི་སྨྲོས་མི་དགོས་པ་རེད། ཕྱི་ལོ་༢༠༡༦ ལོའི་འོས་བསྡུ་ཆེན་མོ་ནས་བཟུང་སྤྱི་ཚོགས་ནང་རྩོད་རྙོག་མང་པོ་ཞིག་བྱུང་ཞིང་། རྩོད་རྙོག་དེ་དང་འབྲེལ་ནས་ཁྲིམས་ཞིབ་ཁང་གི་གནས་བབས་ཀྱང་སྤྱི་སྙོམས་ཀྱི་ཐོག་ཏུ་གནས་ཐུབ་ཡོད་མེད་དོགས་གནས་ཤིག་ཏུ་གྱུར་ཡོད་པ་དང་། གནད་དོན་འདི་དག་གིས་བཙན་བྱོལ་མིའི་ཆབ་སྲིད་དང་རྩ་དོན་འཐབ་རྩོད་ཀྱི་མདུན་བསྐྱོད་ལ་གནོན་སྐྱོན་ཆེན་པོ་བཟོས་ཡོད།
ད་ལྟའི་ཆར་སྤྱི་ཚོགས་ཀྱི་ཕྱོགས་ངོས་གང་སར་ཤུགས་རྐྱེན་འདིས་ཁྱབ་ཡོད་པ་ལྟ་བུ་དང་། མ་འོངས་པར་ན་ཚ་འདི་ལ་སྨན་པའི་ཐབས་ལམ་ཞིག་མེད་ན་རིམ་པས་བཅོས་དཀའ་བ་ཞིག་ཏུ་འགྱུར་སྲིད་པ་རེད། ན་ཚ་འདི་ཇི་ལྟར་བྱུང་བའི་རྒྱབ་ལྗོངས་ལ་བསམ་བློ་བཏང་ན་གཙོ་བོ་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆུང་དུ་སོང་བའི་ཚོད་ཀྱིས། ནང་ཁུལ་གྱི་འཐེན་འཁྱེར་དང་རྩོད་རྙོག་མང་དུ་འགྲོ་བཞིན་ཡོད། མ་འོངས་པར་ཡང་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་མ་ཐུབ་ན། ནང་ཁུལ་གྱི་རྩོད་རྙོག་འདིའི་ནང་ནས་ཐར་པའི་གོ་སྐབས་རྙེད་དཀའ་བ་དང་། འདས་པའི་ལོ་རྒྱུས་ནང་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ག་ཚོད་མང་བ་དེའི་ཚོད་ཀྱིས་སྐབས་དེར་སྤྱི་ཚོགས་ནང་རྩོད་རྙོག་དཀོན་པོ་བྱུང་ཡོད་པས། ལས་འགུལ་ཤུགས་ཆེ་རུ་ཇི་ཙམ་གཏོང་ཐུབ་པའི་ཚོད་ཀྱིས་ནང་ཁུལ་གྱི་རྩོད་རྙོག་ཉུང་དུ་འགྲོ་ངེས་པ་མ་ཟད། རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ཚད་ལྡན་སྤེལ་རྒྱུ་དེ་གནས་སྐབས་མཐར་ཐུག་གང་ཐད་ནས་གལ་ཆེ།
ད་ཆ་བོད་དོན་འཐབ་རྩོད་ལ་གོ་སྐབས་ཧ་ཅང་བཟང་བའི་དུས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་ནག་ལ་ལྟ་སྟངས་སྡུག་ཏུ་འགྲོ་བཞིན་པས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་གྱི་སྤྱི་ཚོགས་ཤིག་ལ་མཚོན་ན། རང་ཉིད་ཀྱི་དགོས་འདུན་ལ་རྒྱབ་སྐྱོར་འཚོལ་རྒྱུ་དང་། ངོ་རྒོལ་བྱེད་ཡུལ་ལ་གནོན་ཤུགས་སྤྲོད་རྒྱུ་སོགས་ཕྱོགས་གང་ཐད་ནས་གོ་སྐབས་འདི་དམ་འཛིན་བྱེད་མ་ཐུབ་ན། མ་འོངས་པར་མུ་མཐུད་གོ་སྐབས་འདི་ལྟ་བུ་ཞིག་བསྐྱར་དུ་ཡོང་ཐུབ་མིན་ཡང་བཤད་དཀའ་བ་ཞིག་ཏུ་གྱུར་ཡོད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགྱུར་བ་འགྲོ་སྟངས་ནི། རྒྱལ་ཁབ་སོ་སོའི་ཁེ་ཕན་གཞི་རྩར་བཟུང་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་ལས། ད་ལྟའི་དུས་འདིར་རང་ཉིད་ཀྱི་ཁེ་ཕན་བློས་བཏང་ནས་འཛམ་གླིང་སྤྱི་ཡོངས་ལ་དམིགས་ཏེ་ཐག་གཅོད་བྱེད་མཁན་གྱི་སྲིད་གཞུང་ཞིག ཕལ་ཆེར་འཛམ་གླིང་གི་ཁྱོན་ཡོངས་སུ་ཧ་ལམམེད་ཅེས་བརྗོད་ཀྱང་ཆོག་པ་ཞིག་རེད། དེར་བརྟེན་མ་འོངས་པར་རྒྱ་ནག་དང་མཉམ་ཚོང་འབྲེལ་གྱིས་གཙོས་ཁེ་ཕན་ཞིག་བྱུང་ན་སླར་ཡང་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་འགྱུར་བ་གཏོང་ངེས་རེད།
ང་ཚོའི་འཐབ་རྩོད་ལ་ཕན་པའི་གོ་སྐབས་ག་རེ་ཡོད་ཀྱང་ངེས་པར་དུ་ལེན་དགོས། དེ་ལེན་མ་ཐུབ་ན་འཐབ་རྩོད་ཀྱི་གོ་སྐབས་འཐུས་ཤོར་དུ་བཏང་བ་ཞིག་དང་། མ་འོངས་པའི་མི་རབས་ཚ་བརྒྱུད་ལའང་ངོ་གནོང་དགོས་པ་ཞིག་ཏུ་གྱུར་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གལ་གནད་ཆེ་བའི་དུས་ཚོད་རྣམས་འཐུས་ཤོར་དུ་མི་གཏོང་བར་ལས་འགུལ་སྤེལ་དགོས་པ་ཞིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཀྱང་ཡར་མར་འཛེམས་ཟོན་དང་ངོ་སྲུང་གཅིག་པུ་མ་ཡིན་པར་ལས་འགུལ་སྤེལ་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། སྤྱིར་འདས་པའི་མི་ལོ་༢༠ ཙམ་གྱི་རིང་ངོ་རྒོལ་ལས་འགུལ་སྤེལ་དགོས་མིན་དང་། སྤེལ་ན་འོས་འཚམ་ཡོད་མིན་སོགས་ཀྱི་ཐད་རྩོད་གླེང་མང་པོ་བྱུང་ཡོད་ལ། སྐབས་རེ་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་ཆེད་ལས་འགུལ་མ་སྤེལ་རོགས་ཞེས་གཞུང་གི་ངོས་ནས་འབོད་སྐུལ་གནང་བའི་དུས་ཚོད་ཀྱང་བྱུང་ཡོད། གང་ལྟར་མི་མང་གི་ལས་འགུལ་ཉུང་དུ་སོང་བ་དང་བསྟུན་སྤྱི་ཚོགས་ནང་རིམ་བཞིན་ནང་ཁུལ་རྩོད་རྙོག་མང་པོ་བྱུང་བ་རེད།
མདོར་ན་ནང་ཁུལ་དུ་སྐབས་རེ་རྩོད་རྙོག་ཡོད་པ་དེ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འགྲོ་སྟངས་ཤིག་ཡིན་པས། དེ་ཙམ་གྱིས་ཧང་སང་དགོས་པ་ཞིག་མིན་ཡང་། རྩོད་རྙོག་དེ་ལ་བརྟེན་ནས་སྒྲིག་འཛུགས་དང་སྤྱི་ཚོགས་འཐོར་ཞིག་ཏུ་འགྲོ་སྲིད་པས། གནས་ཚུལ་དེ་ཚོ་ག་རེ་བྱས་ནས་བྱུང་བའི་རྒྱབ་ལྗོངས་འཚོལ་དགོས། གནས་ཚུལ་དེ་དག་ལ་སྐབས་མཚམས་སོ་སོར་རྒྱབ་ལྗོངས་མི་འདྲ་བ་སྣ་ཚོགས་ཡོད་སྲིད་ཀྱང་། རྒྱ་ཆེ་ས་ནས་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆུང་དུ་སོང་བ་དང་། རིམ་པས་ནང་ཁུལ་གྱི་འགལ་བ་ཁོ་ན་ལ་མགོ་འཁོར་མཁན་མང་དུ་འགྲོ་གི་ཡོད། དཔེར་ན་འདས་པའི་ལོ་བཅུ་ཙམ་གྱི་དུས་བོད་རང་བཙན་དང་དབུ་མའི་ལམ་གྱི་རྩོད་གླེང་ཤུགས་ཆེ་ཡོད་ཀྱང་། ད་ཆ་གོ་ཚོར་གང་ཡང་མེད་པ་ལྟ་བུར་གྱུར་ཡོད། དེ་ནི་རྩ་དོན་འཐབ་རྩོད་ཀྱི་གྱོང་གུད་ཅིག་ཏུ་ངོས་འཛིན་བྱེད་ཆོག་ལ། སྤྱི་ཚོགས་ནང་ལས་འགུལ་ཤུགས་ཆེ་རུ་གཏོང་ཐུབ་ན་བོད་མི་རིགས་ཀྱི་དགྲ་བོ་སུ་ཡིན་ངོས་འཛིན་མ་ནོར་བ་ཞིག་ཡོང་བར་དྲན་གསོ་ཐུབ་པ་དང་། རྩ་དོན་འཐབ་རྩོད་ཀྱི་བསམ་བློ་རྒྱུན་གནས་ཐུབ་པར་ཕན་རླབས་ཆེན་པོ་ཡོད།།