འགྲན་སྡུར་རེད་དམ་གཟིགས་གསོལ་རེད།
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་“བོད་ཀྱི་མཛངས་མའི་འགྲན་སྡུར་”ཞེས་པ་ཞིག་ཚུགས་ནས་ལོ་བཅུ་གཉིས་ཙམ་སོང་ཡོད་པ་དང། ཐོག་མ་ཕྱི་ལོ་༢༠༠༢ ལོའི་འགྲན་སྡུར་དེའི་མིང་བྱང་ད་ལྟ་དང་མི་འདྲ་བར་བོད་ཀྱི་མཛེས་མ་ཞེས་པ་ལས། མཛངས་མ་ཞེས་པའི་མིང་འདི་མ་རེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༩༣ ཕྱི་ལོ་ ༢༠༡༤/༦/༤
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་“བོད་ཀྱི་མཛངས་མའི་འགྲན་སྡུར་”ཞེས་པ་ཞིག་ཚུགས་ནས་ལོ་བཅུ་གཉིས་ཙམ་སོང་ཡོད་པ་དང། ཐོག་མ་ཕྱི་ལོ་༢༠༠༢ ལོའི་འགྲན་སྡུར་དེའི་མིང་བྱང་ད་ལྟ་དང་མི་འདྲ་བར་བོད་ཀྱི་མཛེས་མ་ཞེས་པ་ལས། མཛངས་མ་ཞེས་པའི་མིང་འདི་མ་རེད། རིམ་པས་མིང་བྱང་དེ་མཛེས་མ་ནས་མཛངས་མར་གྱུར་པ་དེ་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཏུ་གྱུར་ཡོད་པ་དང། དོན་དུ་མཛེས་མ་རེད་དམ་མཛངས་མ་རེད་ཅེས་བརྗོད་པའི་སྐབས་བགྲོ་གླེང་མང་པོ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་ནའང། སྐབས་འདིར་གནད་དོན་འདི་ཆེད་དུ་མི་གླེང་བར་ཕྱོགས་ངོས་གཞན་ཞིག་ནས་གནད་དོན་ཁག་ཅིག་ལ་ལྟ་ཚུལ་རེ་ཟུང་ཞིག་བརྗོད་འདོད་བྱུང། བོད་ཀྱི་མཛངས་མའི་འགྲན་སྡུར་ཞེས་པའི་མིང་བྱང་འདིའི་འོག་ནས་ཐོན་ཡོང་བའི་བུ་མོ་རེ་ཟུང་ཞིག་ལ། མི་ཚེའི་ལམ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་སོང་ཡོད་པ་སོགས་བཟང་ཕྱོགས་ཀྱི་གོ་སྐབས་ཤིག་ཏུ་གྱུར་སོང་བ་ནི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད།
བྱ་འགུལ་འདི་གོ་སྒྲིག་བྱེད་མཁན་མི་གཅིག་གི་ངོས་ནས་བཤད་ན་ལོ་རེར་འགྲོ་སོང་ཧིན་སྒོར་འབུམ་ཁ་ཤས་རེ་གཏོང་དགོས་པ་དང། དུས་ཚོད་ཀྱང་མང་པོ་བཏང་ནས་གོ་སྒྲིག་བྱེད་དགོས་པ་འདི་ཉིད་རྒྱུ་ཚེགས་གང་ཐད་ནས་བཤད་ཀྱང་ལས་སླ་པོ་ཞིག་གཏན་ནས་མ་རེད། འོན་ཀྱང་བུ་མོ་དེ་དག་“བོད་ཀྱི་མཛངས་མ་”ཞེས་པའི་མིང་བྱང་དེའི་འོག་ཏུ་ཡོད་པ་ལས། “བློ་བཟང་དབང་རྒྱལ་གྱི་མཛངས་མ་”ཟེར་བ་ལྟ་བུ་མ་ཡིན་པར་བརྟེན། བོད་པ་སྤྱིའི་མིང་བྱང་འདི་ཉིད་སླེབས་ཡོང་བའི་སྐབས་སུ་གནད་དོན་ལ་དོ་སྣང་བྱེད་མི་ཆོག་པ་དང། བྱེད་མི་འོས་པ་ཞིག་ཀྱང་གཏན་ནས་མ་རེད། ད་བར་མི་ལོ་༡༢ ཙམ་སོང་བའི་རིང་གོ་སྒྲིག་བྱེད་མཁན་གྱི་ངོས་ནས་མུ་མཐུད་བར་མ་ཆད་པར་སོང་བ་ཞིག་ཀྱང་ཡིན་ཚོད་མེད་ལ། བོད་ཀྱི་མཛངས་མའི་འགྲན་སྡུར་འདི་མེད་པར་སྐབས་རེ་ཧི་མ་ལ་ཡའི་མཛངས་མ་ཟེར་བ་ལྟ་བུའི་འགྲན་སྡུར་ཡང་གོ་སྒྲིག་བྱས་པ་རེད། བོད་ཀྱི་མཛངས་མ་ཞེས་པའི་ཐོག་མའི་འགྲན་སྡུར་དེར་བུ་མོ་༥ ལས་མེད་ཀྱང་སྤྱི་ཚོགས་ནང་དོ་སྣང་ཆེན་པོ་བྱུང་བ་མ་ཟད། རྗེས་སུ་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་སྡུར་ནང་ཞུགས་པའི་གོ་སྐབས་ཀྱང་བྱུང་བ་རེད།
ལྷག་པར་དུ་བྱ་འགུལ་འདི་ལྟ་བུ་སྤེལ་བའི་སྐབས་སུ་འཛུལ་ཞུགས་བྱེད་མཁན་མང་པོ་ཡོང་ཐུབ་ན་སྤྱི་ཚོགས་ཀྱི་དོ་སྣང་དང་ཆེ་མཐོང་རང་བཞིན་གྱིས་སླེབས་ངེས་ཡིན་ཡང། ད་བར་བོད་ཀྱི་མཛངས་མའི་འགྲན་སྡུར་བྱས་ནས་ལོ་བཅུ་གཉིས་སོང་ཟིན་པའི་རིང་དུ་ལོ་གཅིག་གོ་སྒྲིག་བྱས་མེད་པ་དང། གཞན་སྔ་ཕྱིར་ཐེངས་བཞིར་བུ་མོ་གཅིག་རེ་ལས་མ་སླེབས་པར་འགྲན་སྡུར་གྱི་རྣམ་པ་སྟོན་ཡུལ་ཙམ་ཡང་མེད་པར་མཛངས་མའི་མིང་དེ་བུ་མོ་དེ་དག་ལ་སྤྲད་པ་རེད། དེར་བརྟེན་བོད་ཀྱི་མཛངས་མ་ཞེས་པའི་མིང་བྱང་འདི། གཟུགས་ཀྱི་མཛེས་ཉམས། ཤེས་ཡོན་གྱི་གནས་ཚད། བསམ་བློའི་འཁྱེར་སོ། ངག་གི་འགྱུར་ཁུག་དང། ལུས་ཀྱི་རྣམ་འགྱུར། ཐ་ན་ཆུ་རྩལ་ཡན་ཆད་ནས་འགྲན་སྡུར་བྱས་ཏེ་སླེབས་དགོས་པ་ཞིག་ལས། གཅིག་ལས་མེད་ཀྱང་དེ་ལ་སྤྲད་པ་ཡིན་ཞེས་ཧིན་སྒོར་འབུམ་གཅིག་དང་མཉམ་དུ་མིང་དེ་སྤྲད་བཞག་པ་ཡིན་ན་བོད་ཀྱི་མཛངས་མ་ཞེས་པའི་མིང་དེ་མི་གཅིག་གིས་གསོལ་རས་སུ་སྤྲད་ཆོག་ཆོག་ཅིག་ལས། འགྲན་སྡུར་བྱས་ནས་ཐོབ་ཡོང་བ་ཞིག་མིན་པས་མཚན་མཐོང་དང་ལྡན་པ་ཞིག་ཏུ་འགྱུར་མི་སྲིད་པ་རེད།
བོད་ཀྱི་མཛངས་མའི་འགྲན་སྡུར་ཐོག་མ་བྱེད་པའི་སྐབས་སྤྱི་ཚོགས་ནང་གླེང་ཕྱོགས་མི་འདྲ་བ་ཅུང་ཙམ་རེ་བྱུང་ཡོད་པ་དང། གནད་ཡོད་མི་སྣ་ཞིག་གིས་སྟབས་མ་ལེགས་པ་ཞིག་རེད་ཅེས་བརྗོད་པའི་ལོ་རྒྱུས་ཀྱང་བྱུང་མྱོང་བ་རེད། འདི་དག་ནི་རིག་གཞུང་གི་རྒྱབ་ལྗོངས་མི་འདྲ་བ་དང། བསམ་བློའི་འཁྱེར་སོ་མི་འདྲ་བ་ཞིག་གི་ཐོག་ནས་གསུངས་པ་ཞིག་ཡིན་པ་ལས། གནོན་ཤུགས་དང་བཀག་འགོག་རང་བཞིན་གྱི་བཀའ་མོལ་ཞིག་གཏན་ནས་མ་རེད། དེའི་རྗེས་ནས་ཀྱང་ཡག་སྡུག་གི་སྐད་ཆ་འདྲ་མིན་གླེང་མཁན་ཡོད་ཀྱང་ཁྱོན་ཡོངས་ནས་གནོན་ཤུགས་གང་ཡང་མེད་པ་འདི་ཉིད་ཧ་ཅང་གསལ་པོ་རེད། ལོ་ལྟར་འགྲན་སྡུར་བྱེད་མཁན་བུ་མོ་མང་པོ་བྱུང་ན་གོ་སྒྲིག་བྱེད་མཁན་ལ་དཀའ་ངལ་ཡོད་སྲིད་ཀྱང། དམའ་མཐའ་ས་ནས་བུ་མོ་ལྔ་དྲུག་རེ་མུ་མཐུད་དུ་ཡོད་པ་ཞིག་བྱུང་ན་འགྲན་སྡུར་གྱི་རྣམ་པ་ཅུང་ཙམ་ཞིག་ཡོད་པས་མཐོང་དང་ཆ་འཇོག་གི་ཐོག་ནས་ཀྱང་མི་འདྲ་བ་ཞིག་ཡོང་གི་རེད། འཛུལ་ཞུགས་བྱེད་མཁན་གཅིག་ལས་མེད་ན་ཞུགས་མཁན་དེས་ཀྱང་རེ་བ་ཆེན་པོ་ཞིག་བརྒྱབ་ནས་སླེབས་པས་སེམས་ལ་དགའ་སྣང་གང་ཡང་མེད་ངེས་རེད།
མདོར་ན་བྱ་འགུལ་འདིར་འཛུལ་ཞུགས་བྱེད་མཁན་གཅིག་ལས་མེད་ཀྱང་ཧིན་སྒོར་འབུམ་གཅིག་དེ་སྤྲད་མི་འོས་པ་ཞིག་མིན་ཡང། བོད་ཀྱི་མཛངས་མའི་མིང་བྱང་འདི་ཉིད་མུ་མཐུད་དུ་སྤྲད་བསྡད་ན་གཟིགས་གསོལ་ཙམ་དུ་གྱུར་པ་རེད། བྱེད་སྒོ་འདི་ལ་བརྟེན་ནས་བུད་མེད་ཀྱི་ནུས་ཤུགས་སྤེལ་རྒྱུའི་སྡིངས་ཆ་ཆེན་པོ་ཞིག་ཡིན་མིན་གང་ལྟར་ཡང། གོང་དུ་བརྗོད་པ་བཞིན་གྲུབ་འབྲས་གཏན་ནས་མེད་པ་ཞིག་ཀྱང་མ་རེད། མ་འོངས་པར་དྲིལ་བསྒྲགས་དང་བྱེད་སྒོ་སོགས་གང་ཐད་ནས་ཆེ་མཐོང་དང་ལྡན་པ། འཆར་གཞི་ཡོད་པ་ཞིག་བྱེད་ཐུབ་ན་འདི་ལ་བརྟེན་ནས་སྤྱི་དང་བྱེ་བྲག་ལ་ཕན་ཐོགས་ཡོད་པ་ཞིག་ལས། ད་བར་གཅིག་ལས་མེད་ཀྱང་བོད་ཀྱི་མཛངས་མའི་མིང་བྱང་སྤྲད་རྐྱང་བྱས་པ་ད་ལོའི་འདི་ཨང་བཞི་པར་སླེབས་ཟིན་པ་རེད། འགྲན་སྡུར་བྱས་ནས་ཐོབ་པ་དང་གཅིག་ལས་མེད་ཀྱང་སྤྲད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་འདིའི་ཐོག་ནས་བལྟས་ན་“བོད་ཀྱི་མཛངས་མ་”ཞེས་པ་འདི་མ་འོངས་པར་མུ་མཐུད་གསོལ་རས་ཙམ་དུ་མི་འགྱུར་བའི་རེ་བ་ཡོད།།