འཇར་མན་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་ཕེབས་འདུག 

འཇར་མན་གྲོས་ཚོགས་འཐུས་མི་གསུམ་ལས་གྲུབ་པའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྐུ་ཚབ་མི་སྣ་ཁག་ཅིག དྷ་སར་ཕེབས་ནས་བོད་ནང་གི་ཆོས་དད་རང་དབང་དང་གནས་སྟངས་ཐོག་རྒྱུས་ལོན་དང་། དེ་བཞིན་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་།  བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་ཏུ་བཅར་ཡོད་འདུག 

འཇར་མན་གྲོས་ཚོགས་འཐུས་མི་གསུམ་ལས་གྲུབ་པའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་སྐུ་ཚབ་མི་སྣ་ཁག་ཅིག དྷ་སར་ཕེབས་ནས་བོད་ནང་གི་ཆོས་དད་རང་དབང་དང་གནས་སྟངས་ཐོག་རྒྱུས་ལོན་དང་། དེ་བཞིན་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་།  བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་ཏུ་བཅར་ཡོད་འདུག 

ཟླ་༩ པའི་ཚེས་༡༨ ཉིན་རྒྱབ་སྐུ་ཚབ་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་བཀའ་བློན་རྣམ་པས་བཀའ་ཤག་ཚོགས་ཁང་དུ་འཇར་མན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ཐུག་འཕྲད་གནང་ཡོད་པ་དང་།  སྐབས་དེར་སྲིད་སྐྱོང་གིས་འཇར་མན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཆོས་དད་རང་དབང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ངོས་འཛིན་ལམ་ལུགས་ལ་ཐེ་བྱུས་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་གསུངས་པ་མ་ཟད། འཇར་མན་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་སྐོར་གླེང་སློང་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག 

དེ་བཞིན་ཉིན་དེའི་སྔ་དྲོར་སྐུ་ཚབ་རྣམས་ཀྱིས་༧གོང་ས་མཆོག་དང་མཇལ་ཁ་ཞུས་འདུག་པ་དང་། སྐབས་དེར་༧གོང་ས་མཆོག་གིས་དེང་སྐབས་རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་ཐོག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། རྒྱ་མི་ནང་པ་ས་ཡ་གསུམ་བརྒྱ་ཙམ་ཡོད་པ་བརྗོད་ཀྱི་ཡོད་སྟབས།  ང་ཚོས་བཟང་ཕྱོགས་ཀྱི་འགྱུར་བ་དེ་དང་བསྟུན་ནས་འཇར་མན་ལྟ་བུ་རང་དབང་ཅན་གྱི་ཡུལ་གྲུ་ཚོས་བོད་དོན་སྤྱི་དང་། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པ་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་བ་དེ་དག་ཕན་ཐོགས་ཧ་ཅང་འདུག རྒྱ་ནག་དམར་པོའི་སྲིད་གཞུང་གིས་ལོ་ངོ་བདུན་ཅུ་ཙམ་གྱི་རིང་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་དེ་ད་ཆ་ལམ་ལྷོངས་བྱུང་མེད་པར་བརྟེན།  བོད་ཐོག་རྒྱ་ནག་གཞུང་གིས་དངོས་ཡོད་གནས་སྟངས་དང་འཚམས་པའི་སྲིད་བྱུས་ཤིག་འཛིན་དགོས་ཀྱི་འདུག་ཅེས་རྒྱ་ནག་དཔོན་རིགས་ཁྲོད་བསམ་ཚུལ་དེ་འདྲ་འདུག་ཅེས་བཀའ་སློབ་བསྕལ་གནང་འདུག 

ཁོང་རྣམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་ནས་ཚོགས་གཙོ་པདྨ་འབྱུང་གནས་དང་ཐུག་འཕྲད་དང་། དེ་བཞིན་བོད་ཁྱིམ་སློབ་གྲྭ་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་སོགས་སུ་བཅར་འདུག 

ཁོང་རྣམ་པས་གསར་འགོད་པ་ཚོར། ཁོང་ཚོས་དྷ་ས་ནས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐོག་གི་གནས་ཚུལ་མཁོ་སྒྲུབ་བྱས་པ་རྣམས་སྙན་ཐོར་བཀོད་ནས་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དུ་མཁོ་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཐེངས་འདིའི་འཚམས་གཟིགས་ཀྱི་གྲུབ་དོན་དེ་གྲོས་གཞི་ཆགས་མིན་དང་འཇར་མན་སྲིད་གཞུང་གི་ཕྱི་འབྲེལ་གྱི་བློན་ཆེན་ལ་གནས་ཚུལ་དེ་དང་འབྲེལ་བའི་བརྡ་ལན་ཇི་ལྟར་སྤྲོད་དགོས་མིན་སོགས་བལྟ་རྒྱུ་ཡིན་སྐོར་བརྗོད་སོང་། 

གྲོས་ཚོགས་འཐུས་མི་གསུམ་པོ་ནི་རྙིང་ཞེན་ཚོགས་པའི་(Frank Heinrich) དང་།   ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་(Margaret Bause)  དེ་བཞིན་སྤྱི་ཚོགས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་(Ule Vogi) བཅས་རེད་འདུག སྤྱིར་བཏང་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་བོད་དང་ཡུ་གུར་སོགས་སུ་ཕེབས་རྒྱུ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཐོངས་མཆན་སྤྲད་མེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།