འཇར་མན་ནང་སྲིད་གཞུང་བཙན་བཟུང་གི་འཆར་གཞི་འཐེན་མཁན་མི་སྣ་༢༥ འཛིན་བཟུང་བྱས་འདུག
འཇར་མན་ནང་དུ་ལྟ་བ་མཁྲེགས་འཛིན་པའི་གསང་བའི་ཚོགས་པ་ཞིག་གིས་རྒྱལ་ཁབ་ཀྱི་སྲིད་དབང་དྲག་པོའི་ཐོག་ནས་བཙན་བཟུང་བྱས་ཏེ། སྐུ་དྲག་རྙིང་པ་ཞིག་རྒྱལ་ཁབ་ཀྱི་འགོ་ཁྲིད་དུ་བསྐོ་བཞག་བྱེད་རྒྱུའི་འཆར་གཞི་འཐེན་ཡོད་པའི་གནས་ཚུལ་དང་འབྲེལ་ནས། མི་སྣ་༢༥ ཞིག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
འཇར་མན་ནང་དུ་ལྟ་བ་མཁྲེགས་འཛིན་པའི་གསང་བའི་ཚོགས་པ་ཞིག་གིས་རྒྱལ་ཁབ་ཀྱི་སྲིད་དབང་དྲག་པོའི་ཐོག་ནས་བཙན་བཟུང་བྱས་ཏེ། སྐུ་དྲག་རྙིང་པ་ཞིག་རྒྱལ་ཁབ་ཀྱི་འགོ་ཁྲིད་དུ་བསྐོ་བཞག་བྱེད་རྒྱུའི་འཆར་གཞི་འཐེན་ཡོད་པའི་གནས་ཚུལ་དང་འབྲེལ་ནས། མི་སྣ་༢༥ ཞིག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དེ་ཡང་ཟླ་༡༢ པའི་ཚེས་༧ ཉིན་འཇར་མན་གྱི་མངའ་སྡེ་༡༡ ནང་དུ་ཉེན་རྟོག་པ་༣༠༠༠ ལྷག་མཉམ་ཞུགས་ཀྱིས། མི་གྲངས་༢༥ ཞིག་འཛིན་བཟུང་བྱས་འདུག་པ་དང་། མི་སྣ་༢ ཞིག་ཨོ་སི་ཀྲོ་རི་ཡ་དང་ཨི་ཊ་ལི་ནས་འཛིན་བཟུང་བྱས་ཡོད་པ་རེད་འདུག མི་སྣ་དེ་དག་གིས་ཕྱི་ལོ་༢༠༢༡ ལོའི་ཟླ་༡༡ ནས་བཟུང་འཇར་མན་སྲིད་གཞུང་དྲག་པོའི་ཐོག་ནས་བཙན་བཟུང་བྱེད་རྒྱུའི་འཆར་གཞི་འཐེན་ཡོད་འདུག དེ་ཡང་ཁོ་ཚོས་འཇར་མན་གྱི་གྲོས་ཚོགས་ནང་དུ་དྲག་པོའི་བཙན་འཛུལ་བྱས་ཏེ་སྲིད་གཞུང་བཙན་བཟུང་བྱེད་འཆར་ཡོད་འདུག
འཛིན་བཟུང་བྱས་པའི་ཁོངས་ནས་མང་ཆེ་བ་ཞིག་ནི་འཇར་མན་གྱི་མི་སེར་ལས་འགུལ་ཞེས་པའི་ཚོགས་པའི་ཚོགས་མི་ཡིན་ཁར། ཁོ་ཚོས་འཇར་མན་གྱི་དེང་དུས་མང་གཙོའི་སྲིད་གཞུང་ལ་ངོས་ལེན་བྱེད་ཀྱི་མེད་ཁར། དཔྱ་ཁྲལ་ཡང་སྤྲོད་ཀྱི་མེད་པ་རེད་འདུག ཁོ་ཚོས་དམག་ཆེན་གཉིས་པའི་རྗེས་ཀྱི་འཇར་མན་སྲིད་གཞུང་དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཚོའི་དབང་ཤུགས་འོག་ཡོད་པའི་སྒྲིག་འཛུགས་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག ད་ལྟའི་ཆར་ཚོགས་པ་དེར་ཚོགས་མི་༢༡༠༠༠ ལ་ཉེ་བ་ཡོད་པའི་ཁོངས་ནས་བརྒྱ་ཆ་༥ ཙམ་ལྟ་བ་མཁྲེགས་འཛིན་ཤུགས་ཆེན་ཡོད་མཁན་ཡིན་འདུག ཚོགས་མི་མང་ཆེ་བ་སྐྱེས་པ་ཡིན་ཁར། ཆ་སྙོམས་ཀྱི་ལོ་ཚད་༥༠ ཡིན་འདུག ཁོ་ཚོ་མང་ཆེ་བ་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་བྱེད་མཁན་དང་། ཇིའུ་མི་རིགས་ལ་མི་དགའ་མཁན་དང་ནཱ་ཛིའི་བསམ་བློ་འཛིན་མཁན་ཡིན་པ་རེད་འདུག
དེ་བཞིན་འཛིན་བཟུང་བྱས་པའི་ཁོངས་ནས་ཁག་ཅིག་ནི་འཇར་མན་སྲིད་གཞུང་དེ་ནི་དབང་ཤུགས་ཆེ་བའི་མི་སྣ་ཁག་ཅིག་གིས་གསང་བའི་ཐོག་ནས་འཛིན་བཞིན་ཡོད་པའི་ལྐོག་ཇུས་ལྟ་ཚུལ་ལ་ཡིད་ཆེས་བྱེད་མཁན་ཡིན་འདུག
འཇར་མན་གྱི་ནང་སྲིད་བློན་ཆེན་གྱིས་མི་སྣ་དེ་དག་ལ་ཁྲིམས་ཐོག་ནས་ཉེས་ཆད་ལྕི་མོ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མན་སྲིད་གཞུང་བཙན་བཟུང་གི་འཆར་གཞི་འཐེན་མཁན་ཁོངས་སུ། སྐུ་དྲག་རྙིང་པ་ཞིག་དང་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་མཁན་འཇར་མན་གྱི་སྲིད་དོན་ཚོགས་པ་འཇར་མན་གྱི་འདམ་ག་གཞན་ཞེས་པའི་གྲོས་ཚོགས་འཐུས་མི་ཟུར་པ། ཁྲིམས་དཔོན་ཞིག ཁྲིམས་རྩོད་པ་གྲགས་ཅན་ཞིག གཞུང་གི་ཁྲེིམས་རྩོད་པ་ཞིག འཇར་མན་གྱི་དམིགས་བསལ་དམག་གི་རུ་ཁག་གི་དམག་ཟུར་ཞིག་སོགས་ཡོད་པ་རེད་འདུག མི་སྣ་དེ་དག་ཐེངས་མང་འཛོམས་ནས་ཉེན་རྟོག་པ་དང་དམག་མི་སོགས་འཆར་གཞི་དེའི་ནང་དུ་འཇུག་ཐབས་ཀྱི་གྲོས་སྡུར་བྱས་ཡོད་ཁར། བཙན་བཟུང་རྗེས་སུ་དམག་སྒར་ཁག་ཅིག་བེད་སྤྱོད་གཏོང་ཆེད་དུ་དམག་སྒར་དེ་དག་ལ་རྟོག་ཞིབ་སོགས་བྱས་ཡོད་པ་རེད་འདུག
དེ་བཞིན་འཛིན་བཟུང་བྱས་པའི་ཁོངས་ནས་ཨུ་རུ་སུའི་བུད་མེད་གཅིག་ཡོད་འདུག་པ་དང་། འཆར་གཞི་འཐེན་མཁན་ཚོས་བུད་མེད་དེར་སྐུ་དྲག་རྙིང་པ་དེའི་ཚབ་བྱས་ཏེ། ཨུ་རུ་སུའི་སྲིད་གཞུང་ལ་འབྲེལ་བ་བྱེད་དགོས་པའི་ལས་ཀ་སྤྲད་ཡོད་འདུག འོན་ཀྱང་ཨུ་རུ་སུའི་གཞུང་ཚབ་ཀྱིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དང་ཁྲིམས་འགལ་གྱི་ཚོགས་པ་གཞན་དང་མཉམ་དུ་འབྲེལ་བ་འཇོག་གི་མེད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག
ཐེངས་འདིར་མི་སྣ་༢༥ འཛིན་བཟུང་བྱས་པའི་བྱ་འགུལ་དེ་ནི་ད་བར་འཇར་མན་གྱི་ལོ་རྒྱུས་ནང་དུ། དམག་ཆེན་གཉིས་པའི་རྗེས་སུ། ལྟ་བ་མཁྲེགས་འཛིན་གྱི་མི་སྣ་འཛིན་བཟུང་བྱེད་ཆེད་ཀྱི་བྱ་འགུལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག
འཇར་མན་གྱི་གྲོས་ཚོགས་ནང་དུ་དམག་ཆེན་གཉིས་པའི་རྗེས་སུ་ཐེངས་དང་པོར་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པའི་ཚོགས་མི་ཡང་འདེམས་ཐོན་བྱུང་ནས། རྒྱལ་ཁབ་དེའི་ནང་སྲིད་དོན་གྱི་ཁོར་ཡུག་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་རྣམ་པ་ཐོན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།