འཇིགས་སྐུལ་བ་ཨོ་ས་མ་བྷེན་ལ་དྷེན་གྱི་ཁ་ཆེམས།
ཟླ་འདིའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཛམ་གླིང་ནང་འཇིགས་སྐུལ་བ་སྐད་གྲགས་ཆེ་ཤོས་ཨོ་ས་མ་བྷེན་ལ་དྷེན་གྱི་ཁ་ཆེམས་ནང་འཇིགས་སྐུལ་རུ་ཁག་ཨལ་ཁཱེ་དྷ་ལ་ཨ་སྒོར་ས་ཡ་༢༩ བཞག་ཡོད་འདུག
ཟླ་འདིའི་ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཛམ་གླིང་ནང་འཇིགས་སྐུལ་བ་སྐད་གྲགས་ཆེ་ཤོས་ཨོ་ས་མ་བྷེན་ལ་དྷེན་གྱི་ཁ་ཆེམས་ནང་འཇིགས་སྐུལ་རུ་ཁག་ཨལ་ཁཱེ་དྷ་ལ་ཨ་སྒོར་ས་ཡ་༢༩ བཞག་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༡༡ ལོར་ཨ་རིའི་དམིགས་བསལ་དཔུང་དམག་གིས་པ་ཀི་སི་ཐན་ལ་ཁོང་བསད་ཡོད་པ་པ་དང་། སྐབས་དེར་ཨ་རིའི་དམིགས་བསལ་དམག་མིས་ཁོང་གི་ཁང་པ་ནས་ཡིག་ཆ་མང་པོ་ཞིག་ཁྱེར་ཡོད་པ་དང་དེའི་ཁྲོད་ཁོང་གི་ཁ་ཆེམས་ཡོད་འདུག་པས། ཡིག་ཆ་དེ་དག་ཉེ་ཆར་ཨ་རིའི་བརྒྱུད་ལམ་ཁག་ལ་སྤྲད་ཡོད་འདུག
ཁ་ཆེམས་ནང་གླིང་ཕྲན་ཨ་ཧྥི་རི་ཀའི་རྒྱལ་ཁབ་སུ་ཌན་ནང་ལ་ཨ་སྒོར་ས་ཡ་༢༩ ཡོད་པ་དེ། མ་འོངས་པར་འཇིགས་སྐུལ་རུ་ཁག་ཨལ་ཁཱེ་དྷའི་ལས་འགུལ་ཆེད་ཡིན་པ་དང། ཁོང་གི་ནང་མི་རྣམས་ཀྱིས་ཁ་ཆེམས་དེར་བརྩི་བཀུར་ཞུ་དགོས་སྐོར་བྲིེས་ཡོད་འདུག འོན་ཀྱང་ཁ་ཆེམས་ནང་གི་དངུལ་འབོར་ཆེན་དེ་རྒྱུ་དངོས་ཀྱི་རིན་གོང་ངམ་དངུལ་ལ་གོ་ཡི་ཡོད་མེད་དང། དངུལ་དེ་འཇིགས་སྐུལ་རིང་ལུགས་པར་རགས་ཡོད་མེད་ཀྱི་སྐོར་ཤེས་ཐུབ་ཀྱི་མེད་པ་རེད་འདུག
དེ་བཞིན་ཁོང་གི་ཡིག་ཆ་གཞན་ནང་དུ་ཨ་རི་ལ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་པའི་ཡི་གེ་ཞིག་དང། ཁོང་གི་བཟའ་ཟླའི་སོའི་ནང་སྨན་པས་རྗེས་དེད་གཏོང་བའི་ཡོ་བྱེད་བླུགས་ཡོད་པའི་དོགས་པ་ཡོད་པ། ཕྱི་ལོ་༢༠༠༡ ལོར་ཨ་རིའི་ཚོང་ལས་ཁང་གཉིས་ལ་གཏོར་རྒོལ་བྱས་ནས་ལོ་༡༡ འཁོར་བ་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་རྒྱུའི་འཆར་གཞི་སོགས་ཡོད་འདུག
ཕྱི་ལོ་༢༠༠༡ ལོ་ནས་བཟུང་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཁ་ཆེའི་ལུང་པ་ཨི་རག་དང་ཨབ་གྷ་ནི་སི་ཐན་ལ་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་ཆེད་ཀྱི་མིང་ཐོག་ནས། དམག་མི་ཕོན་ཆེན་བཏང་ཡོད་པ་རེད་ལ། བྱེད་སྟངས་དེ་ལ་སྐྱོན་བརྗོད་དང་རྒྱབ་སྐྱོར་བྱེད་མཁན་ཡང་ཡོད་པ་རེད། དམག་འཁྲུག་དེ་གཉིས་ནང་ཉེས་མེད་མི་སེར་དང། ཨ་རི་དང་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་དམག་མི། འཇིགས་སྐུལ་བ་སོགས་མི་ས་ཡ་མང་པོའི་ཚེ་སྲོག་ཤོར་ཡོད་ཀྱང། འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་ཐུབ་མེད་པ་མ་ཟད། དེང་གི་ཆར་འཇིགས་སྐུལ་རིང་ལུགས་པའི་རུ་ཁག་མང་དུ་ཕྱིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།