འཐབ་རྩོད་ཀྱི་བསམ་བློ་སླར་གསོ།

ཆེད་བརྗོད།

ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་ལ་མཚོན་ན་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་དཀའ་ངལ་ཆེ་ཤོས་དེ་དཔལ་འབྱོར་མ་རེད་ལ། འཕྲོད་བསྟེན་སོགས་དེ་བས་ཀྱང་མ་རེད། འདས་པའི་མི་ལོ་༢༠ ལྷག་གི་རིང་བཙན་བྱོལ་བོད་མི་རྣམས་ཀྱི་བསམ་བློའི་ནང་རྒྱ་གཞུང་ལ་འཁོན་འཛིན་གྱི་བསམ་བློ་དང། བོད་ལ་རྒྱལ་ཁབ་དང་རང་དབང་མེད་པའི་དཀའ་ངལ་ལ་ཁ་ཞེ་གཉིས་མེད་ཀྱི་སེམས་ཚོར་ཡོད་མཁན་ཧ་ཅང་དཀོན་དུ་འགྲོ་བཞིན་ཡོད། འདས་པའི་མི་ལོ་༢༠ ལྷག་གི་སྔོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་ལ་མི་མང་གི་ངོས་ནས་གདེང་འཇོག་ཆེན་པོ་བྱེད་པ་དང། དེ་ལ་བརྟེན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་ལས་འགུལ་ཚོགས་པ་ཁག་ལ་མཚན་མཐོང་དང་གཟི་བརྗིད་ཆེན་པོ་ཡོད། སྤྱི་ཚོགས་ནང་གདེང་འཇོག་དང་ངོས་འཛིན་ཡོད་པའི་སྐབས་སུ་ལས་འགུལ་སྤེལ་མཁན་དག་གི་བློས་གཏོང་ལ་གཟི་བརྗིད་ཡོད་པས། རང་ཉིད་ཀྱི་དུས་ཚོད་དང་འགྲོ་སོང་། དེ་ལས་ཀྱང་ཟས་བཅད་ངོ་རྒོལ་སོགས་སུ་ཞུགས་ནས་ལུས་ཟུངས་བློས་བཏང་བར་སྤྱི་ཚོགས་ཀྱི་ངོས་ནས་རིན་ཐང་ཆེན་པོར་བརྩི།

དཔེར་ན་ཕྱི་ལོ་༡༩༩༨ ལོར་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་བོད་རྒྱལ་ཁབ་སླར་གསོའི་ཆེད་རང་ལུས་མེར་སྲེག་བཏང་ནས། ཁོང་གི་སྐུ་ཕུང་དྷ་ས་གཙུག་ལག་ཁང་གི་མདུན་ཐང་དུ་གདན་འདྲེན་ཞུས་སོང་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་བརྟན་ནོར་བུས་དེ་རིང་བཀའ་བློན་དང་སྤྱི་འཐུས་དེ་ཚོ་སྐྱག་པ་ཟ་བར་སོང་བ་རེད་དམ། ཞེས་སོགས་གཤེ་གཤེ་ཧ་ཅང་ཚ་ནན་བཏང་སོང་ལ། དྷ་སྟེང་གི་དུར་ཁྲོད་དུ་སྐུ་ཕུང་ཞུགས་འབུལ་བྱེད་མཁན་མི་མང་ཧ་ཅང་ཕོན་ཆེ་འཛོམས་འདུག་པ་མ་ཟད། རང་ལུས་ཤེལ་ཆག་གིས་གཤེགས་ནས་བོད་རང་བཙན་འབྲི་མཁན་དང། དྲན་མེད་དུ་བརྒྱལ་འགྲོ་མཁན་མང་པོ་འདུག དེའི་རྗེས་སུ་སྐབས་བཅུ་གསུམ་པའི་སྤྱི་འཐུས་ཀྱི་འོས་འདེམས་ཁྲོད་གཞོན་ནུའི་ཚོགས་གཙོ་དང་ཚོགས་གཞོན་སོགས་འོས་གྲས་མཐོ་ཤོས་གྲས་སུ་ཕེབས་འདུག་ཀྱང། ཁོང་རྣམ་པས་རང་ངོས་ནས་ཕྱིར་འཐེན་གནང་སོང་བས། གཞོན་ནུའི་དབུས་རྒྱུན་ལས་ཐོག་སྤྱི་འཐུས་སུ་མི་བཞེངས་རྒྱུའི་ལམ་སྲོལ་ཡང་དུས་འདི་ནས་ཚུགས་པ་ཞིག་ཡིན་ས་ཡོད།

སྐབས་དེ་དུས་མི་མང་གི་ངོས་ནས་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མཚན་མཐོང་ཆེ་བས་ག་རེ་བཤད་ཀྱང་གནད་འགག་དང། ག་རེ་བྱས་ཀྱང་རྩ་དོན་དུ་ངོས་འཛིན་བྱེད་བཞིན་འདུག ཕྱི་ལོ་༢༠༠༢ ལོར་བོད་རྒྱའི་བར་འབྲེལ་བ་ཡིན་ལ་མིན་ལ་ཞིག་མཐུད་ནས་བཟུང་། རྒྱ་གཞུང་ལ་ངོ་རྒོལ་བྱས་ན་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་ལ་གནོད་ཅེས་བཙན་བྱོལ་བོད་གཞུང་གིས་མི་མང་ལ་ངོ་རྒོལ་མི་བྱེད་པའི་བཀོད་ཁྱབ་བཏང་བ་དང། རྒྱུན་འཁྱོངས་གསུམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་མཉམ་གནས་དགོས་པའི་སློབ་གསོའི་དྲིལ་བསྒྲགས་སྤེལ་བས། བོད་པའི་སྤྱི་ཚོགས་ནང་། རྒྱ་གཞུང་ལས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་རྣམས་སྡུག་ཅག་ཡིན་ཚུལ་བརྗོད་མཁན་བྱུང་བ་མ་ཟད། བཀའ་བློན་ཁྲི་པས་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་དག་ནི། དོལ་རྒྱལ་བསྟེན་མཁན་དང་རྒྱ་དམར་གཞུང་ལས་ཀྱང་སྡུག་པའི་དྲིལ་བསྒྲགས་བྱས་པ་སོགས་ཀྱིས། བོད་པའི་སྤྱི་ཚོགས་ནང་བོད་རང་བཙན་དང། དབུ་མའི་ལམ་གྱི་རྩོད་པ་ཟེར་བ་ཞིག་ཀྱང་བར་སྐབས་ཤིག་ལ་ཚ་ཚ་འུར་འུར་ཆགས་པ་རེད།

རྩོད་པ་དེ་ཡང་རིམ་པས་སུ་མཁས་མིན་དང་། སུ་ཉམས་མྱོང་ཆེ་མིན། སུ་དད་ཞེན་ཅན་ཡིན་མིན་དང། སུ་རྒྱལ་ཞེན་ཅན་ཡིན་མིན་སོགས་ཁ་སྣའི་བར་གྱི་རྩོད་པ་ཆུང་ཙག་ཏུ་གྱུར་ནས་འཐབ་རྩོད་ཀྱི་གདོང་རིས་ངོ་མ་དེ་ནག་ནོག་ཏུ་བསྒྱུར་སོང་། ད་ལྟའི་ཆར་ངའི་ཕྱོགས་ཁག་དང། ཁོའི་ཕྱོགས་ཁག་ཅེས་འཐེན་འཁྱེར་གྱི་རྣམ་པ་ནི་མི་མང་གིས་བདམས་པའི་སྲིད་སྐྱོང་དང། སྤྱི་འཐུས་ལྷན་ཚོགས་ནང་མངོན་གསལ་དོད་པོ་ཡོད་པ་མ་ཟད། གཞུང་ཞབས་ལས་བྱེད་པའི་ནང་དུའང་འཐེན་འཁྱེར་གྱི་ལངས་ཕྱོགས་མངོན་གསལ་དོད་པོས་སྟོན་མཁན་མཐོང་རྒྱུ་ཡོད། ད་དུང་བཀའ་ཟུར་དང་། ཁྲིམས་ཟུར། གཞུང་ཞབས་ཟུར་པ་དང། སྤྱི་ཟུར་སོགས་ཟུར་པའི་མིང་ཐོག་ནས་ཕྱོགས་ཁག་འཐེན་འཁྱེར་ནང་ཞུགས་ནས་མངོན་གསལ་དོད་པོས་ཁ་གཏད་གཅོག་རེས་བྱས་ཡོང་བའི་སྐབས་སུ། རང་བཙན་དང་དབུ་མའི་ལམ་གྱི་རྩོད་པ་ཟེར་བ་དེ་ཡང་ཕལ་ཆེར་མིང་གི་ལྷག་མ་ཙམ་དུ་གྱུར་སོང། རྒྱ་གཞུང་དང་འབྲེལ་བ་བྱུང་ནས་བཟུང་བོད་དོན་བདེན་མཐའ་གསལ་རྒྱུར་བཟང་ཕྱོགས་ནས་ཤུགས་རྐྱེན་གང་ཡང་ཐེབས་མེད་ཀྱང། བཙན་བྱོལ་བོད་མི་ནང་ཁུལ་དུ་འཁྲུག་ཆ་དོད་པོ་ཆགས་ནས་རྒྱ་གཞུང་ལ་ཁེ་ཕན་ཆེན་པོ་ཐོབ་ཡོད་ངེས་སྙམ།

མདོར་ན་བོད་དོན་བདེན་མཐའ་གསལ་དགོས་ན། ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་ཁོ་ན་ལ་རག་ལས་མེད་པ་དང། རྒྱ་ནག་ནང་གི་རྩོད་རྙོག་ལ་བརྟེན་ནས་བོད་དོན་རང་བཞིན་གྱིས་ཐག་ཆོད་འགྲོ་བ་ཞིག་ཀྱང་གཏན་ནས་མིན། གཙོ་ཆེ་ཤོས་བོད་པ་ལ་བོད་དོན་འཐབ་རྩོད་ཀྱི་སེམས་ཤུགས་ཡོད་དགོས་པ་དང། བོད་རྒྱལ་ཁབ་སླར་གསོ་དང་ཆབ་སྲིད་ཀྱི་རང་དབང་གང་ཡང་མེད་ན། ཆོས་དང་རིག་གནས་སྲུང་སྐྱོབ་བྱེད་པའི་ཁོར་ཡུག་ཅིག་ཀྱང་གཏན་ནས་རྙེད་མི་སྲིད་པས། མ་འོངས་པར་ན་གཞོན་རྣམས་རྒྱ་གཞུང་ལ་འཁོན་འཛིན་ཡོད་པ་ཙམ་དུ་མ་ཟད། རྒྱ་མི་རིགས་ཀྱང་བོད་པ་དངོས་སུ་གསོད་མཁན་གྱི་ལག་དམར་བའི་རྒྱུད་པ་ཡིན་པའི་དོན་དངོས་དེ་གསལ་བཤད་བྱེད་དགོས་པ་དང། དེའི་བསམ་བློ་ཡང་བསྐྲུན་དགོས། བཙན་བྱོལ་བོད་མིར་རྒྱ་མི་རིགས་གྲོགས་པོ་ཡིན་པའི་བསམ་བློ་བསྐྲུན་པ་ནི་འཐབ་རྩོད་ཀྱི་ཐོག་ནས་ཉེན་ཁ་ཆེན་པོ་ཡིན་པས། རྒྱ་གཞུང་དང་རྒྱ་མི་རིགས་བོད་པའི་དགྲ་བོ་ཡིན་པ་བཅས་བོད་མི་རྣམས་ལ་འཐབ་རྩོད་ཀྱི་བསམ་བློ་སླར་གསོ་དགོས་པ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།