འཐབ་རྩོད་དང་ཟས་གོས་ཀྱི་ཁེ་ཕན།
རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་དེ་འཕྲལ་ཕུགས་གཉིས་ཐད་ནས་བལྟ་དགོས་པ་ལས། གནད་དོན་ཡོངས་རྫོགས་གནས་སྐབས་ཀྱི་ཟས་གོས་ཐོག་ལ་ཁེ་ཕན་ཡོད་མེད་ཙམ་གྱིས་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མིན། ལས་ལ་རྒྱ་དང་ཁ་ཕོ་རུས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་དཔའ་བོ་མང་པོ་ཡོད་ལ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༧༩ ཕྱི་ལོ་ ༢༠༢༢/༡ /༢༦
རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་དེ་འཕྲལ་ཕུགས་གཉིས་ཐད་ནས་བལྟ་དགོས་པ་ལས། གནད་དོན་ཡོངས་རྫོགས་གནས་སྐབས་ཀྱི་ཟས་གོས་ཐོག་ལ་ཁེ་ཕན་ཡོད་མེད་ཙམ་གྱིས་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མིན། ལས་ལ་རྒྱ་དང་ཁ་ཕོ་རུས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་དཔའ་བོ་མང་པོ་ཡོད་ལ། བོད་མི་རིགས་ཀྱི་ཆེད་དུ་དཔའ་བོ་འབུམ་ཕྲག་མང་པོས་རང་སྲོག་བློས་གཏོང་གནང་ཟིན་པ་དེ་དག་སྒེར་གྱི་ཁེ་ཕན་ཉི་ཚེ་བའི་དོན་དུ་གཏན་ནས་མིན་ལ། རང་སྲོག་བློས་བཏང་ཟིན་པའི་རྗེས་སུ་སྤྱི་པའི་རྩ་དོན་དེ་འགྲུབ་ཐུབ་པའི་ཆེད་དུ་དམིགས་པ་ཞིག་རེད། ཁེ་ཕན་ཉི་ཚེ་བའི་དོན་དུ་ཡོད་ཚད་བློས་གཏོང་ཕོད་མཁན་གྱི་མི་ཞིག་ལ་མཚོན་ན་རྩ་དོན་དང་འཐབ་རྩོད་ཅེས་པ་ཟ་རྒྱུ་ཞིག་ཡིན་ནམ། ཡང་ན་འཐུང་རྒྱུ་ཞིག་ཡིན་ཙམ་ཡང་དོ་སྣང་མི་བྱེད་ཀྱང་། ལྟ་གྲུབ་དང་དམིགས་ཡུལ་ཡོད་པ། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སེམས་ཤུགས་ལྷག་བསམ་ཆེན་པོ་ཡོད་པའི་མི་ཞིག་ལ་མཚོན་ན་སྐད་ཆ་དེའི་རིགས་ནི་སྨྱོན་པའི་ལབ་རྡོལ་ལྟ་བུ་ལས་རིན་ཐང་གང་ཡང་མ་བརྩིས་ཀྱང་ཆོག་པ་ཞིག་རེད།
ཡིན་ནའང་འདས་པའི་མི་ལོ་༢༠ ཙམ་གྱི་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རྒྱ་མི་རིགས་ལ་འཁོན་འཛིན་མི་རུང་བ་དང་། བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ཞེས་པ་དེ་བསྐྱོར་ནས་ཁྲོམ་སྐོར་དགོས་པའི་སློབ་གསོ་དེ་མང་དྲགས་ནས། གསར་དུ་འཚར་ལོང་ཡོང་བཞིན་པའི་ན་གཞོན་མང་པོ་ཞིག་གི་སེམས་ནང་དུ་འདིའི་བསམ་བློ་ཞིག་བསྐྲུན་ཡོད་པ་མ་ཟད། དུས་རྒྱུན་འཕྲལ་ཁེ་ཆུང་ཙག་ཁོ་ན་དོན་དུ་གཉེར་མཁན་རིགས་ཀྱིས་ཀྱང་། གོ་སྐབས་འདི་རང་ཉིད་ཀྱི་ཁེ་ཕན་བསྒྲུབ་སའི་སྡིངས་ཆ་ཞིག་ཏུ་ལོག་སྤྱོད་བྱེད་མཁན་མང་པོ་ཡོང་གི་ཡོད་པ་ནི་སྨྲོས་མི་དགོས་པ་རེད། ཉེ་བའི་ལོ་ལྔ་དྲུག་གི་རིང་། ཡུ་རོབ་ཀྱི་རྒྱལ་ཁབ་སུ་ཝི་ཌན་དང་། ཨ་རིའི་གྲོང་ཁྱེར་ནེའུ་ཡོག རྒྱ་གར་གྱི་རྒྱལ་ས་ལྡི་ལི། ཡུ་རོབ་ཀྱི་རྒྱལ་ཁབ་བྷེལ་རྗམ་བཅས་སུ་བོད་མི་རྒྱ་གཞུང་གི་གསང་མྱུལ་བའི་མིང་ཐོག་ནས་འཛིན་བཟུང་དང་རྒྱང་ཕུད་བྱས་ཡོད་ལ། དེ་དག་དང་འབྲེལ་བ་ཡོད་པའི་མི་སྣ་ཡོད་པ་དང་། གནད་ཡོད་མི་སྣའི་ནང་དུའང་འབྲེལ་བ་ཡོད་མཁན་མང་དག་ཅིག་ཡོད་པའི་སྐད་ཆ་ཡོད། འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་དང་ཐུག་འཕྲད་བྱེད་མཁན་ཡོད་འདུག
བོད་ཀྱི་རྩ་དོན་འཐབ་རྩོད་ཅེས་པ་ནི་གནས་སྐབས་ཀྱི་ཁེ་ཕན་ཉི་ཚེ་བ་ཞིག་གི་དོན་དུ་ཚོང་རྫས་བྱེད་ཆོག་པ་ཞིག་དང་། མི་ཚང་ཁག་ཅིག་གམ། མི་སྒེར་རེ་ཟུང་ཞིག་གི་ཁེ་ཕན་ཆེད་བེད་སྤྱོད་གཏོང་འོས་པ་ཞིག་གཏན་ནས་མ་རེད། དེར་བརྟེན་ད་ལྟའི་ཆར་བོད་དོན་འཐབ་རྩོད་དང་བོད་དོན་ལས་འགུལ་ཞེས་པ་དེ་གནས་སྐབས་ཀྱི་ཁེ་ཕན་ཡོད་མེད་ཙམ་ལ་ངོས་འཛིན་བྱེད་པའི་གོམས་སྲོལ་ཞིག་སྤྱི་ཚོགས་ཁྲོད་ཁྱབ་ཟིན་པ་ནི། རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་གྱོང་གུད་ཆེན་པོ་ཞིག་ཏུ་གྱུར་ཟིན། བོད་ནང་ནས་རང་སྲོག་བློས་གཏོང་མཁན་སྔོན་མ་ཙམ་དུ་མ་ཟད་ད་ལྟའི་ཆར་ཡང་མང་པོ་ཡོང་གི་ཡོད་པ་ནི། ཁེ་ཕན་ཉི་ཚེ་བའི་ཆེད་དུ་གཏན་ནས་མིན་པ་བཞིན། བཙན་བྱོལ་སྤྱི་ཚོགས་ནང་ལྟ་ཚུལ་དང་བསམ་ཚུལ་འདི་ལྟ་བུ་ཞིག་བསྐྲུན་པ་ནི་ཧ་ཅང་ངོ་གནོང་དགོས་པ་ཞིག་ཏུ་གྱུར་ཡོད། རྩ་དོན་འཐབ་རྩོད་བྱས་ན་གནས་སྐབས་ཀྱི་ཁེ་ཕན་ཡོད་མེད་དང་། བོད་ཀྱི་སྐད་ཡིག་རིག་གནས་སྦྱང་ན་ལྟོ་རག་གི་མ་རེད་ཅེས་པའི་བསམ་ཚུལ་འདི་ལྟ་བུ་བཙན་བྱོལ་ནང་ཡོད་པ་ནི། བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་གནད་དོན་ཐོག་ནས་མངོན་རྟགས་ཧ་ཅང་ཐབས་སྡུག་ཅིག་ཏུ་གྱུར་ཡོད།
རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་འཐབ་རྩོད་བྱེད་སྐབས་མི་ཐོག་ནས་མི་ཐོག་བར་དང་། མི་རབས་ཚ་བརྒྱུད་ལ་ཁེ་ཕན་ག་རེ་ཡོད་མེད་བལྟ་དགོས་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་བསམ་ཞིག་ཏུ་ངོས་འཛིན་བྱེད་དགོས། རྒྱ་དམར་གཞུང་གི་དབང་བསྒྱུར་འོག་བོད་མི་རིགས་ལ་གནས་སྐབས་དང་མཐར་ཐུག་གཉིས་ཀའི་ཁེ་ཕན་ཞིག་གཏན་ནས་མེད་ལ། རྒྱ་དམར་གཞུང་གི་རྒྱུག་ཁྱི་རེ་ཟུང་ལ་གནས་སྐབས་ཟས་གོས་ཀྱི་ཐོག་ནས་ཁེ་ཕན་ཅུང་ཙམ་རེ་ཡོད་སྲིད་ཀྱང་། དེ་ནི་བོད་མི་རིགས་བཙོང་པའི་ཤ་ཁྲག་གི་རིན་འབབ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་ལས། སྲིད་བྱུས་དང་ཁྲིམས་ལུགས་ཀྱི་ཐོག་ནས་འདྲ་མཉམ་དུ་སྤྲད་པའི་ཐོབ་ཐང་ཞིག་ཏུ་ངོས་འཛིན་གཏན་ནས་བྱེད་མི་འོས། མ་འོངས་པར་རྒྱ་དམར་གཞུང་གི་འོག་ཏུ་སྡོད་རྒྱུའི་འཆར་གཞི་དང་སེམས་ཤུགས་ཡོད་པ་དེ་དག་ལ་མཚོན་ན། ཕྱོགས་གཅིག་ནས་རྒྱུ་མཚན་དང་གནས་ལུགས་ཡང་དག་མ་ཤེས་པ་ཞིག་དང་། ཕྱོགས་གཅིག་ནས་གོང་དུ་ཡང་ཡང་བརྗོད་པའི་སྒེར་གྱི་ཁེ་ཕན་ཉི་ཚེ་བ་རེ་ཟུང་གི་ཆེད་དུ་དམིགས་མཁན་ཉུང་ཤས་ཤིག་ཡོད་པའང་སྨྲོས་མི་དགོས་པ་རེད།
མདོར་ན་གནས་སྐབས་ཟས་གོས་ཀྱི་ཁེ་ཕན་ཅུང་ཙམ་རེ་ཐོབ་ན། རྩ་དོན་འཐབ་རྩོད་དང་མི་རིགས་དང་རིག་གཞུང་གི་འཆི་གསོན་ལ་བསམ་བློ་གཏོང་མི་དགོས་པའི་བསམ་ཚུལ་འདི་ལྟ་གྲུབ་དང་གཞུང་ལུགས་ཀྱི་ཐོག་ནས་ཧ་ཅང་ནོར་ཡོད་ནའང་། མི་རིགས་ཤིག་གི་སློབ་གསོ་དང་བསམ་བློའི་ཆུ་ཚོད་ཀྱི་ཐོག་ནས་རིན་ཐང་གི་ལྟ་བའི་ཚད་གཞི་འདི་ལྟ་བུ་ཞིག་ཏུ་གྱུར་ཟིན་ཅིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བསམ་ཚུལ་འདི་ལྟ་བུ་གནད་ཡོད་མི་སྣ་ནས་སྲང་ལམ་བར་གྱི་སྐད་ཆ་ཡན་ཆད་དུ་ཁྱབ་ཡོང་དུས་བློ་ཕམ་བྱ་རྒྱུ་ཙམ་ལས་ཐབས་གཞན་གང་ཡང་མེད། མ་འོངས་པར་ཡང་སློབ་གསོའི་ཁོར་ཡུག་འདི་ལྟ་བུ་ཞིག་གི་འོག་ཏུ་རྩ་དོན་འཐབ་རྩོད་ཟེར་བ་ཁེ་ཕན་ཆུང་ཙག་ཙམ་རེའི་ཆེད་ཉོ་ཚོང་བྱེད་པའི་ཅ་ལག་ཅིག་ཏུ་གྱུར་ཟིན་པ་དང་། བོད་པའི་ཆོས་དང་རིག་གནས་ཞེས་པ་དེ་གནས་སྐབས་ཀྱི་ཟས་གོས་འགྲིག་ཐབས་ཙམ་ཞིག་ཏུ་འགྱུར་རྒྱུ་ལས་ལྷག་མེད་པས། བོད་ནང་དུ་ཡོད་པའི་བོད་མི་རྣམས་རྒྱའི་སྤྱི་ཚོགས་སུ་འཐིམ་རྒྱུ་དང་། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ཀྱང་སྤྱི་ཚོགས་དེའི་འཐིམ་རྒྱུ་ལས་གང་ཡང་ལྷག་མེད།།