འདས་པའི་བདུན་ཕྲག་ནང་བོད་མི་༥༥ ལ་ཏོག་ནད་ཐོན་འདུག
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༥༥ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༤༨ དང་། བུད་མེད་གྲངས་ ༧ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༣ དང་ཆུང་ཤོས་དེ་ལོ་ ༢༢། མི་གྲངས་ ༡ འདས་གྲོངས་སུ་གྱུར་ཡོད་འདུག དེ་བཞིན་ཟླ་༡༠པ་དང་༡༡ ནང་རྒྱ་གར་ནང་དུས་ཆེན་མང་པོ་ཞིག་སླེབ་ཀྱི་ཡོད་སྟབས། མཁས་པ་མང་པོ་ཞིག་གིས་སྐབས་དེར་ནད་རླབས་གསུམ་པ་སླེབ་སྲིད་པའི་ཚོད་དཔག་གནང་བཞིན་ཡོད། དེར་བརྟེན་ཚང་མས་དོགས་ཟོན་གནང་དགོས་པའི་ལམ་སྟོན་གནང་སོང་།
ཟླ་༡༠ པའི་ཚེས་༡༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༨༡ དེ་སྤེལ་ཡོད་པ་རེད།
འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་གིས་གསུང་དོན། ཏོག་དབྱིབས་གཉན་རིམས་དེ་བདུན་ཕྲག་སྔ་མ་ལས་ད་ཆ་ཕྲན་བུ་བཟང་དུ་ཕྱིན་ཡོད་ཀྱང་མི་ཚོགས་མང་པོ་འཛོམས་པ་ལ་བརྟེན་ནས་ནད་རླབས་གཉིས་པའི་སྐབས་སུ་ནད་ཡམས་ཁྱབ་གདལ་ཤུགས་ཆེན་ཕྱིན་ཡོད། ་ཕྱི་ཟླ་ ༡༠་་་༡༡ ནང་རྒྱ་གར་ནང་དུས་ཆེན་མང་པོ་ཞིག་སླེབ་ཀྱི་ཡོད་སྟབས། མཁས་པ་མང་པོ་ཞིག་གིས་སྐབས་དེར་ནད་རླབས་གསུམ་པ་སླེབ་སྲིད་པའི་ཚོད་དཔག་གནང་བཞིན་ཡོད། དེར་བརྟེན་ཚང་མས་དོགས་ཟོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེང་སྐབས་སྤྱི་ཚོགས་ནང་བྲེལ་ཟིང་ཆེབའི་རྐྱེན་གྱིས་མི་མང་པོ་ཞིག་ལ་ལུས་པོའི་འཕྲོད་བསྟེན་ཙམ་དུ་མ་ཟད། སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཉི་མ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་དྲ་ལམ་བརྒྱུད་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་དང་འབྲེལ་ལམ་སྟོན་དང་བརྙན་ཐུང་ཁག་མང་པོ་ཞིག་རྒྱང་སྲིང་ཞུས་ཡོད། ལྷག་པར་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བླ་མ་དང་མཁས་དབང་སོགས་ཀྱིས་ནང་ཆོས་ཀྱི་ཐོག་ནས་བཀའ་སློབ་མང་པོ་ཡོད་པ་དེ་དག་གསན་ཚེ་སེམས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། གལ་ཏེ་གང་ཟག་སྒེར་ལ་སེམས་ཀྱི་དཀའ་ངལ་ཡོད་ཚེ་འཕྲོད་བསྟེན་ལས་ཁུངས་ཀྱི་ (Instagram) ནང་ (Semtrin) ཞེས་པ་ཞིག་ཡོད་པ་དེར་ལམ་སྟོན་ཞུ་ཆོག ཕྱོགས་མཚུངས་བོད་མི་མང་དག་ཅིག་དགུན་ཚོང་ལ་བསྐྱོད་ཀྱི་ཡོད་དུས་ལྷ་རབ་བྱུང་ན་བླ་གཉན་གྱི་ནད་གཞི་ཡོད་མཁན་དང་བྱིས་པ་རྣམས་མཉམ་འཁྲིད་མི་དགོས་པ་གཙོ་འདོན་གནང་རོགས་ཞེས་གསུངས་སོང་།
ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༣ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༤ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༡༥༦ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༢༥༦ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༤༡༢ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་འདིའི་ནང་མི་གྲངས་ ༧ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད། འདས་པའི་ལོ་ངོ་གཉིས་མ་ཟིན་ཙམ་རིང་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་སྡེ་ཚན་ནས་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་པའི་མི་གྲངས་ ༨༢༣༢ དང་། ཏོག་དབྱིབས་གཉེན་རིམས་ཕོག་པའི་མི་གྲངས་ ༢༨༧༧ ། རོགས་འབོད་འབྲེལ་ལམ་བརྒྱུད་མི་གྲངས་ ༥༠ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཡོད། ནད་ཡམས་ཁྱབ་གདལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༤ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༡ བཅས་ཀྱི་བོད་མི་གྲངས་ ༤༣༨ ལ་ཏོག་དབྱིབས་གཉན་རིམས་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད།
དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༣༩༩༨༤ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༡༡༤༦༧ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༥༡ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༦༦༩༧ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༥༥ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༤༨ དང་། བུད་མེད་གྲངས་ ༧ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༣ དང་ཆུང་ཤོས་དེ་ལོ་ ༢༢ ཡིན། བློ་ཕམ་པའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་ ༡ འདས་གྲོངས་སུ་གྱུར་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༦༦༨ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༦༤༡༧། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༥༢། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༩༩ ཡོད། ཅེས་སོགས་གསུངས།
མཐར་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་ལམ་སྟོན་གནང་དོན། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་གང་ཙམ་བཟང་དུ་ཕྱིན་ཡོད་ཀྱང་། མང་ཚོགས་ནས་ནད་རྟགས་ཐོན་པ་དང་བརྟག་དཔྱད་ངེས་པར་དུ་གནང་རོགས་ཞུ་རྒྱུ་ཡིན། འདས་པའི་ཉམས་མྱོང་ལས་གང་ཤེས་རྟོགས་བྱུང་ཞེ་ན། བརྟག་དཔྱད་གང་མང་བྱེད་ཐུབ་པ་ཡིན་ན། ནད་རྟགས་ཐོན་པ་རྣམས་ལ་སྨན་བཅོས་བྱེད་སླ་བ་དང་དྲག་སྐྱེད་མགྱོགས་པ། ཁྱབ་གདལ་མི་འགྲོ་བའི་ཁྱད་པར་ཡོད། ཕྱོགས་མཚུངས་ད་ལྟའི་ཆར་ནམ་དུས་འགྱུར་བ་འགྲོ་བཞིན་ཡོད་སྟབས། ཆམ་ནད་རིགས་འཕོག་སླ་བས་ཚང་མས་ཡིད་གཟབ་གནང་རོགས། ལྷག་པར་མང་ཚོགས་ངོས་ནས་ནད་ཡམས་སྔོན་འགོག་སླད་ཁ་རས་གྱོན་རྒྱུ་དང་། ལག་པ་ཡང་ཡང་བཀྲུ་རྒྱུ། བར་ཐག་འཇོག་རྒྱུ་སོགས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་ལག་བསྟར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
རྒྱ་གར་ནང་དུ་ལོ་གཉིས་ནས་བཅོ་བརྒྱད་དབར་གྱི་བྱིས་པ་རྣམས་ལ་ཛ་དྲག་གི་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ (Covaxin) སྔོན་འགོག་སྨན་ཁབ་བརྒྱག་རྒྱུའི་ཆོག་མཆན་ཐོབ་ཐུབ། འོན་ཀྱང་( Drugs controller general of India) ནས་ཆོག་མཆན་ཐོབ་མེད། རིམ་པས་ཆོག་མཆན་ཐོབ་པ་དང་འཕྲོད་བསྟེན་ལས་ཁུངས་ནས་གསལ་བསྒྲགས་སོགས་བྱ་རྒྱུ་ཡིན། སློབ་གྲྭ་དང་དགོན་སྡེ་ཁག་གིས་སློབ་ཕྲུག་རྣམས་ཀྱི་མིང་ཐོ་ད་ལྟ་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ལ་གནང་ཐུབ་ན་སྔོན་འགོག་སྨན་ཁབ་གྲ་སྒྲིག་སླད་ཁྱད་པར་ཡོད་ཅེས་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།