འདས་པའི་བདུན་ཕྲག་ནང་བོད་མི་༡༢ ལ་ཏོག་ནད་ཐོན་འདུག
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་གྲངས་ ༡༢ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༨ དང་། བུད་མེད་གྲངས་ ༤ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༦༢ དང་ཆུང་ཤོས་དེ་ལོ་ ༡༩ ཡིན་འདུག དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༠༣ ནས་ཕྲུ་གུ་ལོ་ན་ ༡༥ ནས་ ༡༨ བར་ལ་སྔོན་འགོག་སྨན་ཁབ་བརྒྱབ་རྒྱུ་ཡིན་འདུག་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༡༠ ནས་མདུན་ལ་ཐོན་ནས་ཕྱག་ལས་གནང་མཁན་དང་། ལོ་ན་ ༦༠ ཡན་ཡིན་པ་གང་ཞིག་བླ་གཉན་གྱི་ནད་གཞི་ཡོད་མཁན་རྣམས་ལ་སྔོན་འགོག་སྨན་ཁབ་གསུམ་པ་ཞིག་བརྒྱབ་རྒྱུ་རེད་འདུག
ཟླ་༡༢ པའི་ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༩༢ པ་དེ་སྤེལ་གནང་སོང་།
དེ་ཡང་ཐོག་མར་འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་གིས་གསུང་དོན། ཉེ་ཆར་རེས་གཟའ་མིག་དམར་ཉིན་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་ལྷན་འཛོམས་གནང་ཡོད། སྐབས་དེར་གནད་དོན་གཙོ་བོ་གསུམ་སྟེ་སྔོན་འགོག་སྨན་ཁབ་སྐོར་དང་ཨོ་མི་ཀྲོན་ནད་ཡམས་སྐོར། ས་གནས་འགོ་འཛིན་རྣམ་པ་དང་དགོན་སྡེ་ཁག སློབ་གྲྭ་ཁག་བཅས་དང་ལྷན་དྲ་ལམ་བརྒྱུད་ཚོགས་འདུ་འཚོགས་རྒྱུའི་སྐོར་གྲོས་བསྡུར་ལྷུག་པོ་བྱུང་ཡོད། གལ་ཏེ་ཆམ་ནད་རིགས་འཕོག་པ་ཡིན་ན་སྣང་མེད་དུ་མ་སོང་བར་ཉེ་འགྲམ་གྱི་སྨན་ཁང་དུ་ངེས་པར་བསྟེན་གཏུགས་གནང་དགོས་པ་མ་ཟད། ཟུར་བཀག་བཞུགས་རོགས། ཞེས་སོགས་གསུངས།
དེ་རྗེས་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༦ དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༡ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༧ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༨༣ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༥༤ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༡༣༧ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད། དེ་བཞིན་འདས་པའི་བདུན་ཕྲག་ནང་ཏོག་དབྱིབས་ནད་གཞི་ཕོག་མཁན་མི་གྲངས་ ༦ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་འདུག གཞན་ཡང་ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༤ ཡི་བོད་མི་གྲངས་ ༣༤༠ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༤༦༧༨༢ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༣༤༩༦ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༠༡ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༦༩༨༩ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་གྲངས་ ༡༢ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༨ དང་། བུད་མེད་གྲངས་ ༤ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༦༢ དང་ཆུང་ཤོས་དེ་ལོ་ ༡༩ ཡིན། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༩༨༨ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༦༨༡༥། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༦༢། ད་ལྟ་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༡༡ ཡོད་ཅེས་གསུངས་སོང་།
རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་སྒྲོལ་གྱིས་ལམ་སྟོན་གནང་དོན། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་གཞི་ཕོག་མཁན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་འདུག ལྷག་པར་ཨ་རི་དང་ཧྥ་རན་སི། ཨི་ཊ་ལཱི། དབྱིན་ཡུལ། ཨོ་སི་ཀྲོ་ལི་ཡཱ། ལྷོ་ཨ་རིའི་ལུང་པ་མང་དག་ཅིག་གི་ནང་ནད་པའི་གྲངས་འབོར་མང་དུ་འགྲོ་བཞིན་འདུག དེ་བཞིན་རྒྱ་གར་ནང་དུའང་ནད་པའི་གྲངས་འབོར་འཕེལ་བཞིན་འདུག འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་དུ་ནད་གཞི་གསར་པ་ཕོག་མཁན་མི་གྲངས་སྟོང་ཕྲག་བཅུ་གསུམ་དང་བརྒྱ་ལྔ་བཅུ་ང་བཞི་བྱུང་འདུག ཨོ་མི་ཀྲོན་ནད་ཡམས་ཕོག་མཁན་གྱི་གྲངས་འབོར་ཡང་རིམ་བཞིན་མང་དུ་འགྲོ་བཞིན་འདུག ད་ལྟའི་ཆར་རྒྱ་གར་ནང་ཨོ་མི་ཀྲོན་ནད་ཡམས་ཕོག་པ་མི་གྲངས་ ༩༦༡ ཡོད་འདུག་པ་མ་ཟད། མ་འོངས་པར་རྒྱ་གར་ནང་དུའང་ཨོ་མི་ཀྲོན་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་ཚོད་དཔག་གནང་བཞིན་ཡོད། ཉེ་ཆར་རྒྱ་གར་དབུས་གཞུང་ནས་གསལ་བསྒྲགས་ཤིག་གནང་བའི་ནང་ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༠༣ ནས་ཕྲུ་གུ་ལོ་ན་ ༡༥ ནས་ ༡༨ བར་ལ་སྔོན་འགོག་སྨན་ཁབ་བརྒྱབ་རྒྱུ་ཡིན་འདུག་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༡༠ ནས་མདུན་ལ་ཐོན་ནས་ཕྱག་ལས་གནང་མཁན་དང་།
ལོ་ན་ ༦༠ ཡན་ཡིན་པ་གང་ཞིག་བླ་གཉན་གྱི་ནད་གཞི་ཡོད་མཁན་རྣམས་ལ་སྔོན་འགོག་སྨན་ཁབ་གསུམ་པ་ཞིག་བརྒྱབ་རྒྱུ་རེད་འདུག སྔོན་འགོག་སྨན་ཁབ་གསུམ་པ་དེ་ཉིད་སྔོན་འགོག་སྨན་ཁབ་གཉིས་པ་བརྒྱབ་ནས་ཟླ་བ་དགུའི་རྗེས་ལ་བརྒྱབ་ན་འགྲིག་གི་ཡོད་འདུག ཞིབ་ཕྲའི་གནས་ཚུལ་མངའ་སྡེ་སོ་སོས་ལས་གཞི་བང་སྒྲིག་སྟེ་གསལ་བསྒྲགས་གནང་གི་རེད་ཅེས་གསུངས་སོང། །
གསར་འགོད་པ་སྐལ་བཟང་དོན་གྲུབ།