འདས་པའི་བདུན་ཕྲག་ནང་བོད་མི་གྲངས་ ༤༡༤ ལ་ཏོག་ནད་ཐོན་འདུག 

འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་གྲངས་ ༤༡༤ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༡༩༠ དང་། བུད་མེད་གྲངས་ ༢༢༤ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༩༧ དང་ཆུང་ཤོས་དེ་བྱིས་པ་ལོ་ ༢ ཡིན། སྟབས་མ་ལེགས་པ་ཞིག་ལ་སྐྱེས་པ་རང་ལོ་ ༨༧ སོན་པ་ཞིག་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་འདུག དེ་བཞིན་བོད་མི་མང་པོ་ཞིག་ཚོང་མཇུག་བསྒྲིལ་ནས་རང་ཁྱིམ་དུ་ལོག་གི་ཡོད་སྟབས། ཕྱི་ནས་ཕེབས་མཁན་ཚང་མ་ཟུར་བཀག་བཞུགས་རྒྱུ་དང་། བརྟག་དཔྱད་གནང་རྒྱུ་སོགས་ངེས་པར་དུ་གནང་དགོས་པའི་ལམ་སྟོན་གནང་སོང་།

ཟླ་༡ པོའི་ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༩༦ པ་དེ་སྤེལ་གནང་སོང་།

འཕྲོད་བསྟེན་ཟུང་དྲུང་བསྟན་འཛིན་ཀུན་བཟང་གིས་གསུང་དོན། དེ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༩༦ དེ་སྤེལ་བཞིན་ཡོད། འཛམ་བུ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཊེ་ཌི་རོ་སི་ (Tedros Adhanom Ghebreyesus)ཡིས་ཚང་མས་འཕྱར་གྲུ་མཉམ་འདེགས་བྱས་པ་ཡིན་ན་ཕྱི་ལོ་ ༢༠༢༢ ལོར་ཏོག་དབྱིབས་གཉན་རིམས་དེ་ཉིད་མེད་པར་བཟོ་ཐུབ་ཀྱི་རེད་ཅེས་གསུངས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་འཛམ་བུ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་སྐུ་ཞབས་ཊེ་ཌི་རོ་སི་ཡིས་གསུངས་པ་དེར་རྒྱབ་སྐྱོར་ཞུས་པ་དང་འབྲེལ་འཕྲོད་བསྟེན་ལས་ཁུངས་ནས་བོད་མི་རྒྱ་ཆེ་མི་མང་ལ་འབོད་སྐུལ་ཞུ་རྒྱུར། རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་དུ་ལམ་སྟོན་རབ་དང་རིམ་པ་གནང་ཡོད་པ་ལྟར་རྣམ་པ་ཚོས་བརྩི་སྲུང་ལག་བསྟེར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཕྱི་ལོགས་ནས་ཕེབས་མཁན་ཡོད་ན་ངེས་པར་དུ་ཟུར་བཀག་ལ་བཞུགས་རོགས། བརྟག་དཔྱད་བྱས་ནས་གྲུབ་འབྲས་མ་ཐོན་པར་ཟུར་བཀག་ལ་བཞུགས་རོགས། ནད་རྟགས་ཡོད་ན་འཛོམས་སར་མ་ཕེབས་རོགས། སྔོན་འགོག་སྨན་ཁབ་བརྒྱབ་རོགས། ཟུར་བཀག་ལ་བཞུགས་པའི་སྐབས་བསམ་བློ་བཟང་ཕྱོགས་ལ་གཏོང་རོགས། དབྱིན་ཡུལ་དུ་བཞུགས་པའི་སྨན་ཞབས་པ་བསམ་གཏན་ཆོས་སྒྲོན་གྱི་གོ་སྒྲིག་འོག་ཨ་རི་ནས་ཡིན་པའི་སྨན་པ་ཞིག་བརྒྱུད་ང་ཚོའི་ངོས་ནས་བོད་པའི་གསོ་རིག་སྨན་པ་དང་། ཕྱི་ལུགས་སྨན་པ། དེ་བཞིན་སྨན་ཞབས་པ་བཅས་ཁྱོན་བསྡོམས་གྲངས་༣༧ ལ་ཨོ་མི་ཁི་རོན་ནད་ཡམས་སྨན་བཅོས་གནང་ཕྱོགས་(Omicron Clinical Management)སྐོར་ཟབ་སྦྱོང་ཕུལ་ཐུབ་ཡོད། གོ་སྐབས་འདི་བརྒྱུད་འཕྲོད་བསྟེན་ལས་ཁུངས་ཀྱི་ཚབ་ཞུས་ཏེ་བསམ་གཏན་ཆོས་སྒྲོན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཟླ་བ་འདིའི་ནང་བོད་མིའི་འདུས་སྡོད་ས་གནས་བཅུ་བཞིའི་ནང་སྨན་ཞབས་དང་བླངས་པ་གྲངས་༢༩ བསྐོ་གཞག་ཞུས་ཐུབ་ཡོད། སུད་ཚོང་བའི་ས་ཁུལ་༣༠༠ མ་ཟིན་ཙམ་ཡོད། དེ་སྔ་ང་ཚོས་སུད་ཚོང་བ་ཚོར་ཁ་རས་དགོས་མཁོ་ཡོད་ན་གསུང་རོགས་ཞེས་ཞུས་པ་ལྟར་སུད་ཚོང་བའི་ས་ཁུལ་གྲངས་༡༢༨ ནས་ཁ་རས་དགོས་མཁོ་ཡོད་ཅེས་གསུངས་སོང་ལ། ང་ཚོས་ཁ་རས་བཏང་ཐུབ་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་ལམ་སྟོན་རབ་དང་རིམ་པ་གནང་ཡོད་པ་ལྟར་རྣམ་པ་ཚོས་དེ་ལྟར་བརྩི་སྲུང་ལག་བསྟེར་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན་ཞེས་གསུངས་སོང་། 

ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་ཁག་ ༡༥ དང་བལ་ཡུལ་ནང་གི་ས་གནས་ ༤ ནང་གི་བོད་མི་གྲངས་ ༥༧༡ རང་ཁྱིམ་དུ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༡༦༦ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༧༣༧ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད། གཞན་ཡང་ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བོད་མི་གནས་སྡོད་ས་གནས་གྲངས་ ༡༥ ནས་བོད་མི་གྲངས་ ༩༨༥ དང་བལ་ཡུལ་ནང་གི་ས་གནས་ ༥ ནས་བོད་མི་གྲངས་ ༢༠ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༤༩༦༤༠ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༦༤༥ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན།གཞན་ཡང་རྒྱ་གར་ནང་རང་ལོ་ ༡༥ ནས་ ༡༧ བར་གྱི་བྱིས་པ་ ༡༢༢༢ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དེ་བརྒྱབ་ཟིན་པ་མ་ཟད།  སྨན་པ་དང་འཕྲོད་ལས་པ། མདུན་ཐོན་གདོང་ལེན་པ་བཅས་ཁྱོན་མི་གྲངས་ ༤༠༩ དང་། རང་ལོ་ ༦༠ ཡན་གྱི་རྒན་རྒོན་གྲངས་ ༢༤༠༤ ལ་ནུས་སྤར་སྔོན་ཁབ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་རང་ལོ་ ༡༨ ཡན་གྲངས་ ༦༦༩༠ ནས་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། རང་ལོ་ ༡༨ མན་གྱི་བྱིས་པ་གྲངས་ ༨༥ ལ་སྔོན་འགོག་སྨན་ཁབ་ཐོབ་ཡོད། མི་གྲངས་ ༡༨ ལ་ནུས་སྤར་སྔོན་ཁབ་ཐོབ་ཡོད།

འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་གྲངས་ ༤༡༤ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༡༩༠ དང་། བུད་མེད་གྲངས་ ༢༢༤ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༩༧ དང་ཆུང་ཤོས་དེ་བྱིས་པ་ལོ་ ༢ ཡིན། སྟབས་མ་ལེགས་པ་ཞིག་ལ་སྐྱེས་པ་རང་ལོ་ ༨༧ སོན་པ་ཞིག་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་འདུག

ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༨༣༧༧ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༧༦༧༧། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༦༣། ད་ལྟ་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༥༣༧ ཡོད་པ་སོགས་གསུངས་སོང་།

མཐར་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་ལམ་སྟོན་གནང་དོན། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཡོད་མེད་མི་གྲངས་བརྒྱ་ལ་བརྟག་དཔྱད་བྱས་པ་ཡིན་ན་མི་གྲངས་བཅུ་དྲུག་ཙམ་ལ་ནད་རྟགས་འཐོན་བཞིན་ཡོད། འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་དུ་ནད་གཞི་གསར་པ་ཕོག་མཁན་མི་གྲངས་འབུམ་གསུམ་མ་ཟིན་ཙམ་བྱུང་འདུག་པ་མ་ཟད། བརྒྱ་ཆ་ ༤༤ མ་ཟིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མངའ་སྡེ་ཀརནཱ་ཊཀ་དང་ཀེ་རལ། ཏ་མིལ་ནཱ་ཌཱུ་བཅས་ནས་རེད་འདུག དེ་བཞིན་མཧཱ་རཱཥཊྲ་མངའ་སྡེའི་ནང་ནད་གཞི་གསར་པ་ཕོག་མཁན་གྱི་གྲངས་འབོར་མང་པོ་འདུག

ད་ལྟའི་ཆར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལ་སེམས་འཚབ་ཆེན་པོ་འདུག གང་ཡིན་ཞེ་ན། བོད་མི་མང་པོ་ཞིག་ཚོང་མཇུག་བསྒྲིལ་ནས་རང་ཁྱིམ་དུ་ལོག་གི་ཡོད་སྟབས། ཁག་གཅིག་གིས་ཆམ་ཚད་རེད་དགོངས་ནས་ཟུར་བཀག་ཏུ་མ་བཞུགས་པ་ཡིན་ན། ད་ལྟའི་ནད་ཡམས་འདི་འགོ་སླ་པོ་ཡོད་པར་བརྟེན་གཞིས་མི་ནང་ཁྱབ་བརྡལ་ཕྱིན་པ་ཡིན་ན། ཚང་མར་བརྡབ་གསིག་ཆེན་པོ་ཞིག་ཆགས་རྒྱུ་རེད་འདུག དེར་བརྟེན་བོད་མིའི་སྒྲིག་འཛུགས་ནས་སྔོན་འགོག་དང་འབྲེལ་བའི་ལམ་སྟོན་གནང་བ་ལྟར། ཕྱི་ནས་ཕེབས་མཁན་ཚང་མ་ཟུར་བཀག་བཞུགས་རྒྱུ་དང་། བརྟག་དཔྱད་གནང་རྒྱུ་སོགས་ངེས་པར་དུ་གནང་རོགས། ལྷག་པར་བརྟག་དཔྱད་དུས་ཐོག་གནང་ཐུབ་ཚེ་རང་གཞན་ཚང་མར་ཕན་ཐོགས་ཡོད་ཅེས་སོགས་ཀྱི་ལམ་སྟོན་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།