འདས་པའི་བདུན་ཕྲག་ནང་བོད་མི་༢༣༣ ལ་ཏོག་ནད་ཐོན་འདུག
འདས་པའི་བདུན་ཕྲག་ནང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཁག་བཞིའི་ནང་མི་བཅུ་དང་། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་བཅོ་ལྔའི་ནང་མི་གྲངས་ ༥༠༡ ལ་རྟག་དཔྱད་གནང་འདུག་ཅིང་། རྟག་འབྲས་ལྟར་ན་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་བལ་གཉིས་ནང་གི་བོད་མི་གྲངས་ ༢༣༣ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༡༢༤ དང་། བུད་མེད་གྲངས་ ༡༠༩ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༨༥ དང་ཆུང་ཤོས་དེ་ལོ་ ༡ ཡིན། བདུན་འདིར་ཏོག་དབྱིབས་རྐྱེན་པས་མི་ ༢ འདས་གྲོངས་སུ་གྱུར་ཡོད་འདུག
ཟླ་༢ པའི་ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༩༨ དེ་སྤེལ་གནང་ཡོད་པ་རེད།
དེ་ཡང་ཐོག་མར་འཕྲོད་བསྟེན་ཟུང་དྲུང་བསྟན་འཛིན་ཀུན་བཟང་གིས་གསུང་དོན། ད་ཆ་མཁས་པ་མང་པོས་ཏོག་དབྱིབས་ནད་ཡམས་དེ་བཞིན་རྒྱ་གར་ནང་རྒྱུན་གནས་ཀྱི་ནད་གཞི་ཞིག་ཏུ་འགྱུར་སྲིད་པའི་ཚོད་དཔག་བྱེད་བཞིན་པར་གཞི་བཅོལ་ནས་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་སློབ་སྟོན་པ་རྣམ་པ་གཉིས་དང་། ཛ་དྲག་ཚོགས་ཆུང་གི་ཚོགས་གཙོ་དབུས་ཚོགས་མི་རྣམས་ཟླ་འདིའི་ཚེས་༠༧ ཉིན་འཛོམས་ཏེ། འདས་པའི་གསལ་བསྒྲགས་དང་ལམ་སྟོན་ཁག་གཅིག་ཕྱིར་བསྡུ་ཞུ་རྒྱུ་དང་། གསར་སྣོན་དགོས་རིགས་ཐད་གྲོས་བསྡུར་བྱུང་ཡོད། ཚོགས་འདུ་དེའི་མཇུག་སྐྱོང་ཚུལ་དུ་ད་ཞོགས་ང་ཚོས་སྨན་ཁང་གི་འགན་འཛིན་རྣམ་པ་དང་ལྷན་དུ་ཚོགས་འདུ་བསྐོང་ཚོགས་ཀྱིས་འདི་ལོའི་ཕྱི་ཟླ་ ༠༣ ནས་ཕྲུ་གུ་རང་ལོ་ ༡༢ ནས་ ༡༥ བར་གྱི་བྱིས་པར་སྔོན་འགོག་ཁབ་བརྒྱབ་འཆར་འདུག་ན། དེ་ཐད་ཐོ་གཞུང་བསྡུ་རུབ་བྱ་ཕྱོགས་ཐད་ལམ་སྟོན་ཞུས་ཡོད། དེ་བཞིན་གཟའ་འཁོར་སྔོན་མའི་ནང་ས་གནས་བཅུ་དྲུག་གི་སྨན་ཁང་ནང་སྨན་ཞབས་མ་གསར་པ་ཉི་ཤུ་རྩ་གཉིས་གསར་བསྐོ་བྱས་ཐུབ་ཡོད་པ་དེ་དག་ཏོག་དབྱིབས་རང་གི་ཆེད་དགོས་གལ་དབང་གིས་གནས་སྐབས་གསར་བསྐོ་བྱས་པ་ཞིག་ཡིན། ད་ལྟ་པུ་རུ་ཝ་ལ་དང་སིམ་ལར་སྨན་ཞབས་མའི་དགོས་གལ་ཆེ་བས་དང་བླངས་གནང་འདོད་ཡོད་ན་ས་གནས་འགོ་འཛིན་ལ་འབྲེལ་བ་གནང་རོགས།
ད་ཆ་རང་གནས་སུ་གུང་སེང་དང་ཕྱི་ལ་ཕེབས་མཁན་མང་པོ་ཡོད་པས་ཟུར་བཀག་བཞུགས་རྒྱུ་གལ་ཆེན་པོ་ཡིན་པའི་འབོད་སྐུལ་ཞུས་པ་ལྟར། ད་ལྟ་ས་གནས་བཅོ་ལྔས་ལག་བསྟར་གནང་བཞིན་འདུག་ཅིང་། ས་གནས་དེ་དག་ནང་མི་ ༦༤༥ ཟུར་བཀག་ལ་བཞུགས་འདུག
དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༤༩༨༡༦ དང་བལ་ཡུལ་ནང་གི་བོད་མི་ ༦༩༩༠ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་ཐོབ་ཟིན་འདུག་ཅིང་། རྒྱ་གར་ནང་ད་དུང་སྔོན་འགོག་ཁབ་རིམ་པ་དང་པོ་ཁོ་ན་ཐོབ་པ་བོད་མི་གྲངས་ ༤༧༨ འདུག ཕྱོགས་མཚུངས་རྒྱ་གར་ནང་རང་ལོ་ ༡༨ མན་ལ་སྔོན་འགོག་ཁབ་ཆ་ཚང་ཐོབ་པའི་བྱིས་པ་གྲངས་ ༣༨༩ དང་། ཐུན་གཅིག་ཐོབ་པ་ ༨༩༦ བྱུང་འདུག་ལ། བལ་ཡུལ་ནང་སྔོན་འགོག་ཁབ་ཆ་ཚང་ཐོབ་པའི་བྱིས་པ་གྲངས་ ༩༡ དང་ཐུན་གཅིག་ཐོབ་པ་མི་གྲངས་ ༩ བྱུང་འདུག རང་ལོ་ ༦༠ ཡན་ལ་ནུས་སྤར་འགོག་ཁབ་ཐོབ་པ་མི་གྲངས་རྒྱ་གར་ནང་ ༣༠༧༢ དང་བལ་ཡུལ་ནང་ ༩༥ བྱུང་འདུག དེ་བཞིན་རྒྱ་གར་ནང་མདུན་ཐོན་གདོང་ལེན་པ་གྲངས་ ༦༠༠ ཙམ་ལ་ནུས་སྤར་འགོག་ཁབ་ཐོབ་འདུག
གཟའ་འཁོར་འདིའི་ནང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཁག་བཞིའི་ནང་མི་བཅུ་དང་། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་བཅོ་ལྔའི་ནང་མི་གྲངས་ ༥༠༡ ལ་རྟག་དཔྱད་གནང་འདུག་ཅིང་། རྟག་འབྲས་ལྟར་ན་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་བལ་གཉིས་ནང་གི་བོད་མི་གྲངས་ ༢༣༣ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༡༢༤ དང་། བུད་མེད་གྲངས་ ༡༠༩ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༨༥ དང་ཆུང་ཤོས་དེ་ལོ་ ༡ ཡིན། བདུན་འདིར་ཏོག་དབྱིབས་རྐྱེན་པས་མི་ ༢ འདས་གྲོངས་སུ་གྱུར་ཡོད།
ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༨༩༨༧ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༨༥༩༩ འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༦༦། ད་ལྟ་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༢༩༩ འདུག
རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་ལམ་སྟོན་གནང་དོན། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་འགྲོ་བཞིན་འདུག འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་རྒྱལ་ཡོངས་ནང་ནད་གཞི་གསར་པ་ཕོག་མཁན་མི་གྲངས་སྟོང་ཕྲག་དྲུག་ཅུ་རེ་བདུན་དང་བརྒྱད་ཅུ་གྱ་བཞི་རེད་འདུག ད་ལྟའི་ཆར་རྒྱལ་ཁབ་རེ་ཟུང་མ་གཏོགས་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་བཟང་དུ་འགྲོ་བཞིན་འདུག་སྟབས་འགྲིམ་འགྲུལ་སོགས་ཀྱི་ལམ་སྟོན་གུ་ཡངས་འགྲོ་བཞིན་འདུག འོན་ཀྱང་མང་ཚོགས་ནས་ཁ་རས་གྱོན་རྒྱུ། རྒྱང་ཐག་འཇོག་རྒྱུ། ལག་པ་ཡང་ཡང་བཀྲུ་རྒྱུ་སོགས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་སྟེན་རོགས་ཞེས་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།