འདེམས་ཐོན་བཀའ་བློན་དེ་ཁྲིམས་ཞིབ་ཁང་ནས་ངོས་ལེན་མ་གནང་བ།

ཟླ་འདིའི་ཚེས་༤ ཉིན་དྷ་ས་གངས་སྐྱིད་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོས། ཉེ་ཆར་འགྲོས་ཚོགས་ནང་འདེམས་ཐོན་བྱུང་བའི་བཀའ་བློན་དེར་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་འོས་གྲངས་བརྒྱ་ཆ་ལོན་མེད་པས། བཅའ་ཁྲིམས་ཀྱི་དོན་ཚན་༢༢ ཀྱི་དགོངས་པ་མཐུན་པ་མ་བྱུང་བར་དམ་འབུལ་གྱི་ལས་རིམ་དེ་འགྲོ་ཐབས་མེད་སྐོར་གསུངས་སོང་།

ཟླ་འདིའི་ཚེས་༤ ཉིན་དྷ་ས་གངས་སྐྱིད་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོས། ཉེ་ཆར་འགྲོས་ཚོགས་ནང་འདེམས་ཐོན་བྱུང་བའི་བཀའ་བློན་དེར་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་འོས་གྲངས་བརྒྱ་ཆ་ལོན་མེད་པས། བཅའ་ཁྲིམས་ཀྱི་དོན་ཚན་༢༢ ཀྱི་དགོངས་པ་མཐུན་པ་མ་བྱུང་བར་དམ་འབུལ་གྱི་ལས་རིམ་དེ་འགྲོ་ཐབས་མེད་སྐོར་གསུངས་སོང་།

ཁྲིམས་ཞིབ་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། “བཀའ་བློན་གྱི་འོས་འདེམས་སྐོར་བཅའ་ཁྲིམས་དོན་ཚན་ ༢༢ པར་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་དང་། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད་དུ་དོན་ཚན་ ༤༩(༡) ནང་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་ཆ་རྐྱེན་དེ་དག་དོན་གནད་ཐ་དད་དང་། མཚམས་འཛིན་ཐ་དད་ཀྱི་ཚད་བཀག་ཆ་རྐྱེན་ཡིན་སྟབས། གཅིག་གིས་ཅིག་ཤོས་དེར་དཔེ་འགེབས་དང་རིགས་བསྒྲེ་བྱེད་ས་མི་འགྲོ། བཅའ་ཁྲིམས་དོན་ཚན་ ༢༢ པའི་རྩིས་གཞི་བརྒྱ་ཆ་ (༥༠) ཡིན་པ་དང་། དོན་ཚན་ ༤༩(༡) ཡི་རྩིས་གཞི་ནི་གྲངས་ཆ་(གསུམ་ཆ་གཉིས་)ཡིན་ལ། དམའ་མཐའ་འམ་ཉུང་མཐའི་གྲངས་ཚད་རྩིས་བསྐོར་གྱི་ཆ་རྐྱེན་དུ་བཞག་པའི་གྲངས་ཆ་དང་། བརྒྱ་ཆ་གཉིས་ཨང་རྩིས་ཀྱི་འགྲོ་ལུགས་དང་། སྐབས་བབ་ལས་དོན་གང་གི་ཆ་ནས་ཀྱང་ཐ་དད་ཡིན། གལ་སྲིད་དོན་ཚན་འདི་གཉིས་ཕན་ཚུན་རིགས་བསྒྲེས་ཏེ། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་ཉུང་བ་ཐོབ་ནའང་འགྲིག་པའི་ཐག་གཅོད་གནང་ཚེ། བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་ལ་རྡོག་རོལ་ཚབས་ཆེན་འགྲོ་ངེས་པ་མ་ཟད། འདེམས་ཐོན་གང་ཟག་དེར་གྲོས་ཚོགས་ནས་མང་མོས་ཙམ་ཡང་ཐོབ་དགོས་དོན་མེད་པའི་ཁྲིམས་ཀྱི་ཆ་རྐྱེན་བསྐྲུན་པ་ལྟ་བུར་འགྱུར་རྒྱུ། གྲངས་ཆ་རྩིས་བསྐོར་གྱི་གནས་སྐབས་སུའང་། འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་དོན་ཚན་ ༤༩(༡) ཡི་ཆ་རྐྱེན་དང་། བཅའ་ཁྲིམས་ཀྱི་དོན་ཚན་གཞན་དག་ཏུ། གསུམ་ཆ་གཉིས་ཡན་ཞེས་བཞག་ཡོད་པའི་ཆ་རྐྱེན་གཉིས་མཉམ་བསྲེ་དང་རིགས་བསྒྲེ་བྱེད་ཐབས་མེད་”ཅེས་འཁོད་ཡོད་པ་རེད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་དང་རྒྱུ་མཚན་སྐོར། “བཀའ་བློན་དུ་འོས་ཐོན་འབྱུང་བའི་དགོས་ངེས་གྲངས་ཚད་ཀྱི་ཆ་རྐྱེན་ནི་ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་དགོས་པ་ཡིན། དེར་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་ཆ་རྐྱེན་བཞག་མེད། སྐབས་འདིའི་འོས་འཕེན་པ་ནི་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཡིན། འོས་ཤོག་འཕེན་སྟངས་ནི་གསང་བའི་འོས་ཤོག་སྡུད་དགོས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༢༢ གཞིར་བཟུང་སྤྱི་འཐུས་ལྷན་ཚོགས་སུ་བཀའ་བློན་འོས་གཞི་མིང་འདོན་གནང་བ་གང་ཞིག  བཅའ་ཁྲིམས་ནང་གསལ་དགོས་ངེས་ཀྱི་བརྒྱ་ཆའི་གྲངས་ཚད་ལོན་མེད་པ་མངོན་སུམ་དུ་གྲུབ་ཡོད་པས། མང་མོས་མ་ཐོབ་པ་ཞིག་ལ་འོས་ཐོན་བྱུང་བའི་གསལ་བསྒྲགས་བྱས་པ་དེ་བཅའ་ཁྲིམས་དོན་ཚན་འདིའི་དགོངས་དོན་དང་འགལ་ཡོད་”ཅེས་དང་། “ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་རྣམས་གསལ་སྟོན་བྱས་ཟིན་རྗེས། ད་དུང་མུ་མཐུད་དེ། སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་བྱེད་ཕྱོགས་དང་། བཀའ་མོལ་གནང་ཕྱོགས། འོས་འཕེན་སྟངས་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་ལ་ཡོད་མ་རེད་ཅེས་གསུངས་པ་ནི། བཅའ་ཁྲིམས་དོན་ཚན་ ༤༦ དང་ ༥༨ གཉིས་མཉམ་བསྲེས་བཏང་སྟེ་འགྲེལ་ལོག་གནང་བ་ཞིག་ཡིན། བཅའ་ཁྲིམས་དོན་ཚན་ ༥༨ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ་ཞེས་པའི་ནང་གསེས་ ༡ ནང་།  སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་པ་ནི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་གྱི་དོན་གནད་དེ་དག་ལ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་པའི་གོ་དོན་ཡིན་པ་ལས། བཅའ་ཁྲིམས་དང་འགལ་བའི་དོན་གནད་ལ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་པའི་འགྲེལ་ལོག་བྱེད་མི་ཆོག”ཅེས་འཁོད་ཡོད་པ་རེད།

གསར་འགོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ལ་མ་བརྩིས་ན་ག་རེ་གནང་གི་རེད་ཅེས་དྲིས་པར། ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོས། “མ་བརྩིས་པ་ཡིན་ན་ག་རེ་བྱེད་དགོས་ཞུ་ཚོད་ཐུག་གི་མི་འདུག བོད་མིས་མཐར་ཐུག་ཞུ་གཏུག་བྱ་ཡུལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གོང་ན་མེད་པ་དེ་རེད། བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་རྒྱུའི་སྐུ་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད་པ་ལས་གཞན་སུ་ལ་ཡོད་པ་རེད་”ཅེས་གསུངས་སོང་།

ཁྱེད་ཚོས་སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་དང་འགལ་བ་དང་བཅའ་ཁྲིམས་ལ་ལོག་འགྲེལ་རེད་ལབ་ཡོད་པས། ཁྲིམས་ཞིབ་ཁང་ནས་ཁྲིམས་ཐོག་ནས་ཉེས་པ་དང་མཐའ་མའི་ཐག་གཅོད་ག་འདྲ་གནང་རྒྱུ་ཡིན་སྐོར་དྲིས་པར། ཁྲིམས་དྲུང་གིས། “ཁྲིམས་ཞིབ་ཁང་ནས་བཀའ་བློན་འོས་བསྡུ་གསལ་བསྒྲགས་གནང་བ་དེ་བཅའ་ཁྲིམས་དང་མཐུན་གྱི་མེད་པས། རྩིས་མེད་ཡིན་པ་ཐག་གཅོད་བྱས་རེད། གཞན་པ་ཞུ་ཐུབ་ཀྱི་མི་འདུག་” ཅེས་གསུངས་སོང་།

གྲོས་ཚོགས་ཚོགས་གཙོ་པདྨ་འབྱུང་ནས་ལ་གསར་འགོད་པས་འོས་ཐོན་བཀའ་བློན་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་དགོངས་དོན་དང་མཐུན་གྱི་མེད་པས་རྩིས་མེད་ཡིན་གསུངས་སོང་། རྙོག་གླེང་ཆགས་པ་དེ་ག་འདྲ་གནང་རྩིས་ཡོད་མེད་སྐོར་དྲིས་པར། “གྲོས་ཚོགས་ཀྱི་ངོས་ནས་བརྒྱ་ཆ་ལོན་ནས་གསལ་བསྒྲགས་བྱས་པ་རེད། སྐར་ཆུང་རྩི་མི་དགོས་པས་བརྒྱ་ཆ་ལོངས་པར་ངོས་འཛིན་བྱས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་བསྒྲུབ་དགོས་པ་དེ་བསྒྲུབས་བཞག་ཡོད།  མི་ཆོག་པ་དེ་མི་ཆོག་པ་ཡིན་པ་ལས་བྱས་ན་འགྲིག་གི་མ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་ལ་ཁྲིམས་ཞིམ་ཁང་ནས་རྩད་གཅོད་མི་ཆོག་ལབ་ཡོད་པས། སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་བྱས་ཚར་རེེད། སྤྱི་འཐུས་ངོ་ཡོད་དང་རྩ་འབོར། སུམ་ཆ་དང་བཞི་ཆ། བརྒྱ་ཆ་གང་ཡིན་ཡང་སྐར་ཆུང་བརྩི་དགོས་མ་རེད། བཅའ་ཁྲིམས་གཏན་འབེབས་བྱེད་མཁན་ང་ཚོ་རེད། ག་འདྲ་གཏན་འབེབས་བྱས་ང་ཚོར་རྒྱུས་ཡོད་རེད། རྙོག་གླེང་ཆགས་པ་མ་རེད། བཟོས་པ་རེད། བརྒྱ་ཆ་བསྐོར་སྟངས་ཁ་ཁ་ཆགས་རེད། བཅའ་ཁྲིམས་དང་འགལ་དང་མ་འགལ་དེ་རྩོད་པ་བྱུང་ན་སུ་བདེན་མིན་གྱི་ཐག་གཅོད་ཁྲིམས་ཞིབ་ཁང་ནས་བྱེད་དགོས་རེད། ད་ལྟ་སུ་གང་གིས་རྩོད་རྒྱག་གི་ཡོད་མ་རེད། ཁྲིམས་ཞིབ་ཁང་གིས་དང་དུ་བླངས་ནས་རྩོད་རྒྱག་གི་ཡོད་རེད་”ཅེས་གསུངས་སོང་།

བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་། “སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། འོན་ཀྱང་སྤྱི་འཐུས་རྩ་འབོར་དང་ངོ་ཡོད་ཆ་བགོས་རྩིས་སྐོར་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་”ཞེས་འཁོད་ཡོད་པ་རེད།

བཅའ་ཁྲིམས་དོན་ཚན་ང་བརྒྱད་པའི་ནང་། “༡ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ༢ ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་”ཅེས་འཁོད་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་ཞེ་དྲུག་པའི་སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང༌ནང་འཁོད་དོན། “༡ སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག་”ཅེས་འཁོད་ཡོད་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གསར་འགོད་གསལ་བསྒྲགས་ཆ་ཚང་གཤམ་དུ་བཀོད་ཡོད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

༄༅། །བཀའ་བློན་གྱི་འོས་གཞིར་བཅའ་ཁྲིམས་དོན་ཚན་ ༢༢ ལྟར་གྱི་བརྒྱ་ཆ་མ་ལོན་པའི་སྐོར་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ཡོངས་ཁྱབ་གསལ་བསྒྲགས།

ཀ༽  བྱུང་རིམ།

ཀ་༡།       ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༢ ཉིན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༧ པའི་སྔ་དྲོའི་ཚོགས་ཐུན་དང་པོའི་སྟེང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཅའ་ཁྲིམས་དོན་ཚན་  ༢༢ གཞིར་བཟུང་བཀའ་བློན་འོས་གཞི་རྫོང་དཀར་སྟོབས་རྒྱལ་ཚེ་རིང་ལགས་མིང་འདོན་གནང་བར། ངོ་ཡོད་སྤྱི་འཐུས་ ༤༣ ཁོངས་ནས་བཀའ་བློན་འོས་གཞིར་རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་ ༢༡ དང་། དགག་ཆའམ་འོས་ཤོག་རྩིས་མེད་དུ་བཏང་བ་བསྡོམས་ ༢༡ བཅས་བྱུང་སྟེ། དཔལ་ལྡན་ཚོགས་གཙོ་མཆོག་ནས་འོས་གཞི་དེ་ཉིད་བཀའ་བློན་དུ་འདེམས་ཐོན་བྱུང་བར་གསལ་བསྒྲགས་གནང་ཡོད།

ཀ་༢།       ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གི་མཚན་ཐོག་ཏུ་ཡིག་ཆུང་ཞིག་ཛ་དྲག་གིས་ཕུལ་བའི་ནང་། གོང་གསལ་རྒྱབ་སྐྱོར་གྱི་གྲངས་འབོར་ ༢༡ དེ་བཅའ་ཁྲིམས་དོན་ཚན་ ༤༩(༡) གཞིར་བཟུང་འཕྲོས་ལྷག་སྐར་ཆ་མ་རྩིས་པར། ངོ་ཡོད་སྤྱི་འཐུས་ ༤༣ ལ་རྩིས་བསྐོར་གྱིས་འདེམས་ཐོན་བྱུང་བ་ཡིན་སྐོར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གྲོས་ཚོགས་སུ་ཐག་གཅོད་གསལ་བསྒྲགས་གནང་བ་ཞིག་ཡིན་པ་དང་། ངོ་ཡོད་སྤྱི་འཐུས་གྲངས་ ༤༣ ཡོད་ཁོངས་ཀྱི་འོས་ཐོབ་གྲངས་ ༢༡ དེ་བརྒྱ་ཆ་རྩིས་བསྐོར་བྱས་ན་བརྒྱ་ཆ་ ༤༨་༨༤ ལས་མེད་པས། བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་ཞེས་པའི་ཆ་རྐྱེན་ཚང་གི་མེད་པས། བཀའ་བློན་འོས་བསྡུའི་ལས་རིམ་དེ་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པ་བྱུང་ཡོད་མེད་བཀའ་བསྡུར་ཐུགས་ཞིབ་ཀྱིས། ཁྲིམས་སྒྲིག་ནང་གསལ་འདེམས་ཐོན་གསལ་བསྒྲགས་ཟིན་རྗེས་ཀྱི་ལས་རིམ་ཁག་མ་བརྩམས་གོང་ལན་གསལ་གནང་སྐྱོང་ཡོང་བ་ཞེས་བཀོད་ཡོད།

ཀ་༣།      ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༢ ཉིན་གྱི་ཕྱི་དྲོར། ཚོགས་དྲུང་ལས་ཁུངས་ནས་གནས་ལན་གནང་འབྱོར་དུ། བཀའ་བློན་གྱི་འོས་མི་སྟོབས་རྒྱལ་ཚེ་རིང་ལགས་སུ་འོས་གྲངས་ ༢༡ ཐོབ་པ་དང་། བརྒྱ་ཆ་བསྐོར་ཕྱོགས་ཐད་སྤྱི་འཐུས་ལྷན་ཁང་དུ་རྩ་འཛིན་ཡིག་ཆ་ཞིག་ཡོད་པའི་ངོ་བཤུས་ཆབས་ཕུལ་ནང་གསལ་ལྟར་བརྒྱ་ཆ་ ༥༠ འབབ་ ༢༡་༥༠ བྱེད་ན་ཡང་། བརྒྱ་ཆ་རྩིས་བསྐོར་སྐབས་སྐར་ཆ་རྩིས་མི་དགོས་གསལ་དོན་ལྟར་ཐག་གཅོད་བྱས་ཤིང་། གནད་དོན་འདི་ནི་དེ་རིང་ཙམ་མིན་པར་རྩིས་བསྐོར་གནང་ཕྱོགས་གོང་གསལ་ལྟར་བཀའ་བློན་འོས་འདེམས་ཚང་མར་དེ་དོན་གནང་འདུག  ཅི་སྟེ་དེས་འགྲིགས་ཀྱི་མེད་ཚེ་སྔ་མའི་གནང་ཕྱོགས་ཀྱང་མ་འགྲིགས་པར་ངོས་འཛིན་གཅིག་འགྱུར་བྱ་དགོས་པ་ཆགས་ཀྱི་འདུག་ཅེས་འཁོད་འདུག

ཀ་༤།      ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོའི་མཚན་ཐོག་ཏུ་གཤམ་གསལ་དོན་ཚན་ ༤ ཅན་གྱི་གནས་ལན་ཕུལ་ཡོད་པའི་ནང་།

ཀ་༤་༡།    བཀའ་བློན་གྱི་འོས་འདེམས་སྐོར་བཅའ་ཁྲིམས་དོན་ཚན་ ༢༢ པར་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་དང་། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད་དུ་དོན་ཚན་ ༤༩(༡) ནང་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་ཆ་རྐྱེན་དེ་དག་དོན་གནད་ཐ་དད་དང་། མཚམས་འཛིན་ཐ་དད་ཀྱི་ཚད་བཀག་ཆ་རྐྱེན་ཡིན་སྟབས། གཅིག་གིས་ཅིག་ཤོས་དེར་དཔེ་འགེབས་དང་རིགས་བསྒྲེ་བྱེད་ས་མི་འགྲོ།

ཀ་༤་༢།    བཅའ་ཁྲིམས་དོན་ཚན་ ༢༢ པའི་རྩིས་གཞི་བརྒྱ་ཆ་ (༥༠) ཡིན་པ་དང་། དོན་ཚན་ ༤༩(༡) ཡི་རྩིས་གཞི་ནི་གྲངས་ཆ་(གསུམ་ཆ་གཉིས་)ཡིན་ལ། དམའ་མཐའ་འམ་ཉུང་མཐའི་གྲངས་ཚད་རྩིས་བསྐོར་གྱི་ཆ་རྐྱེན་དུ་བཞག་པའི་གྲངས་ཆ་དང་། བརྒྱ་ཆ་གཉིས་ཨང་རྩིས་ཀྱི་འགྲོ་ལུགས་དང་། སྐབས་བབ་ལས་དོན་གང་གི་ཆ་ནས་ཀྱང་ཐ་དད་ཡིན། གལ་སྲིད་དོན་ཚན་འདི་གཉིས་ཕན་ཚུན་རིགས་བསྒྲེས་ཏེ། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་ཉུང་བ་ཐོབ་ནའང་འགྲིག་པའི་ཐག་གཅོད་གནང་ཚེ། བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་ལ་རྡོག་རོལ་ཚབས་ཆེན་འགྲོ་ངེས་པ་མ་ཟད། འདེམས་ཐོན་གང་ཟག་དེར་གྲོས་ཚོགས་ནས་མང་མོས་ཙམ་ཡང་ཐོབ་དགོས་དོན་མེད་པའི་ཁྲིམས་ཀྱི་ཆ་རྐྱེན་བསྐྲུན་པ་ལྟ་བུར་འགྱུར་རྒྱུ།

གྲངས་ཆ་རྩིས་བསྐོར་གྱི་གནས་སྐབས་སུའང་། འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་དོན་ཚན་ ༤༩(༡) ཡི་ཆ་རྐྱེན་དང་། བཅའ་ཁྲིམས་ཀྱི་དོན་ཚན་གཞན་དག་ཏུ། གསུམ་ཆ་གཉིས་ཡན་ཞེས་བཞག་ཡོད་པའི་ཆ་རྐྱེན་གཉིས་མཉམ་བསྲེ་དང་རིགས་བསྒྲེ་བྱེད་ཐབས་མེད།

ཀ་༤་༣།   ཟུར་སྦྱར་དུ། ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་སྐབས་སྤྱི་འཐུས་ལྷ་(ལྷན་)ཚོགས་ནང་མོས་མཐུན་རྒྱབ་སྐྱོར་ཇི་དགོས་ཀྱི་རེའུ་མིག་ཅེས་པ་ཤོག་ངོས་གཉིས་ཅན་དང་། དེའི་མཉམ། སྤྱི་འཐུས་གྲངས་དང་། བརྒྱ་ཆ་སུམ་ཆ་ ༢ ། བརྒྱ་ཆ་ ༥༠ ། བརྒྱ་ཆ་བཞི་ཆ་གསུམ་ཞེས་པའི་རེའུ་མིག་ཤོག་ངོས་གཅིག་ཅན་ཞིག་བཅས་གནང་འབྱོར་བྱུང་བ་དེ་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འཛིན་ཡིག་ཆ་གང་དུ་གསལ་ཡོད་མེད་དང་། དེར་ནུས་ཚད་ཇི་ལྡན་མ་ངེས་ལ། བཀའ་བློན་འོས་འདེམས་ཚང་མར་དེ་དོན་གནང་བ་བྱུང་ཡོད་མེད་ཀྱང་མ་ངེས་མོད། ཡིག་ཆ་དེས་བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ་བཀའ་བློན་དུ་འདེམས་ཐོན་ཡོང་བ་ལ་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་དགོས་པའི་ཆ་རྐྱེན་འདིར་བསྒྱུར་བཅོས་གཏོང་ཐབས་མེད།

ཀ་༤་༤།   བཅའ་ཁྲིམས་ཀྱི་དངོས་བསྟན་དགོངས་དོན་དང་མི་མཐུན་པའི་ལས་དོན་གང་ཞིག་དེ་སྔ་དེ་ལྟར་གནང་ཡོད་པ་རྒྱུ་མཚན་དུ་བགྲངས་ཏེ་ཁྲིམས་མཐུན་ཡིན་པ་སྒྲུབ་ཐབས་མེད་ལ། ཐེངས་འདིར་བཀའ་བློན་འོས་བསྡུའི་སྐབས་སུ། ངོ་ཡོད་སྤྱི་འཐུས་གྲངས་ ༤༣ ཡོད་ཁོངས་ནས་འོས་ཐོབ་གྲངས་ ༢༡ བྱུང་བ་དེ་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་གིས་རྩིས་བསྐོར་བྱས་ན་བརྒྱ་ཆ་ ༤༨་༨༤ ལས་ལོན་མེད་པས། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་བཅའ་ཁྲིམས་དགོངས་དོན་འགལ་མེད་གནང་ཐབས་ཇི་ཡོད་ལ་དགོངས་དཔྱད་དམ་ནན་གནང་ཕྱོགས་ཡོང་བ་ཞེས་གསལ་ཡོད་པ་དང་། དེའི་ངོ་བཤུས་བཀའ་ཤག་ལ་ཕུལ་ཡོད།

ཀ་༥།      ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོར། དཔལ་ལྡན་ཚོགས་གཙོ་མཆོག་ནས་གསར་འགོད་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འདེམས་ཐོན་བཀའ་བློན་དེར་འོས་གྲངས་ ༢༡ ཡིན་པས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༤༨་༨༤ རེད་འདུག་པས་དེའི་ཐོག་གསལ་བཤད་ཅིག་དགོས་ཡོད། ་་་བརྒྱ་ཆ་བགོ་ཕྱོགས་དེ་སྤྱི་འཐུས་ ༤༣ ཡོད་ན་བརྒྱ་ཆ་ལྔ་བཅུ་དེ་སྤྱི་འཐུས་ ༢༡ དང་གྲངས་ཆུང་ལྔ་བཅུ་ཆགས་བསྡད་ཡོད་རེད། བཅའ་ཁྲིམས་ནང་འོས་འཕེན་སྐབས་སྐར་ཆ་རྩིས་མ་དགོས་འཁོད་ཡོད་པས། ༢༡ དེ་བརྒྱ་ཆ་ལྔ་བཅུ་ཆགས་ཀྱི་རེད། དེ་ལ་བརྟེན་ནས་བཀའ་བློན་དུ་འདེམས་ཐོན་བྱུང་བར་ངོས་འཛིན་བྱས་ཡིན། བརྒྱ་ཆ་བགོ་སྟངས་ཀྱི་རེའུ་མིག་དེ་གཞིར་བཟུང་བྱས་ཡིན་ཞེས་དང་། ་་་སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་བྱེད་ཕྱོགས་དང་། བཀའ་མོལ་གནང་ཕྱོགས། འོས་འཕེན་སྟངས་ཁྲིམས་ཞིབ་ཁང་གང་གི་ཁྱབ་ཁོངས་ལ་ཡོད་མ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ད་དུང་ངོས་ལེན་མ་གནང་ན་བཅའ་ཁྲིམས་ཀྱི་ཁྱབ་ཚད་ཡོད་པ་དེར་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད། དམ་ཅ་(བཅའ་)ཕུལ་ས་ཆེས་མཐོའི་ཁྲིམས་ཞིབ་པ་དང་། ཕུལ་མཁན་འདེམས་ཐོན་བཀའ་བློན་དེ་རེད། གྲོས་ཚོགས་ཀྱི་ངོས་ནས་འདེམས་ཐོན་བྱུང་བར་ངོས་འཛིན་བྱས་ཡོད་པ་རེད་(བོད་ཀྱི་བང་ཆེན་དྲ་བ།)ཅེས་སོགས་གསུང་གླེང་གནང་འདུག

ཀ་༦།      ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༣ ཉིན་གྱི་གུང་ཚིགས་བར་གསེང་སྐབས།  དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་སྤྱི་ཁྱབ་ཁྲིམས་དྲུང་ཚོགས་གཙོའི་ཡིག་ཚང་དུ་འབོད་འགུག་གིས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་རྒྱུར་དུས་ཚོད་གནང་ཐབས་སྙན་གསན་ཞུ་དགོས་པའི་བཀའ་མངགས་གནང་བ་ལྟར། ཕྱི་ཚེས་ ༢༤ རེས་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད་ ༩་༠༠ འམ། ཕྱི་ཚེས་ ༢༥ རེས་གཟའ་ཟླ་བའི་ཞོགས་པ་ཆུ་ཚོད་ ༨་༠༠ གང་འོས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་འཛོམས་འཐུས་བཀའ་ལན་ཕུལ་བར། རེས་གཟའ་ཟླ་བར་འཚོགས་འོས་ཀྱི་ལན་བྱུང་།

ཀ་༧།      ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨་༠༠ སྟེང་། ཁྲིམས་ཞིབ་པ་ཆེ་བ་དང་། ཚོགས་གཙོ་སྦྲེལ་པོ། སྲིད་སྐྱོང་བཅས་ཁྲིམས་ཞིབ་པ་ཆེ་བའི་ཡིག་ཚང་དུ་བཞུགས་མོལ་གནང་སྐབས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐེངས་འདིར་བཀའ་བློན་གྱི་འོས་གཞི་དེར་བཅའ་ཁྲིམས་ནང་གསལ་གྱི་དགོས་ངེས་བརྒྱ་ཆ་ལོན་མེད་པའི་ངོས་འཛིན་ཐག་གཅོད་ཟིན་སྐོར་གསལ་བཤད་ཞུས་ཡོད།

ཀ་༨།       ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༥ ཉིན་རྒྱབ་ཏུ་བཀའ་ཤག་གི་སྐུ་ཚབ་དཔལ་འབྱོར་བཀའ་བློན་མཆོག་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་རྣམ་གཉིས་སར་སོ་སོར་ངོ་བཅར་དང་། དེའི་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་འབྱོར་བཀའ་བློན་རྣམ་གཉིས་ཁྲིམས་ཞིབ་པ་ཆེ་བའི་ཡིག་ཚང་དུ་ཆེད་ཕེབས་ཀྱིས་ཁྲིམས་ཞིབ་པ་ལྷན་རྒྱས་དང་མཇལ་འཕྲད་བཀའ་བསྡུར་གནང་ཡོད།

ཀ་༩།      ཕྱི་ཚེས་ ༢༦ ཕྱི་དྲོར་དཔལ་འབྱོར་བཀའ་བློན་མཆོག་གིས་ཁྲིམས་ཞིབ་པ་ཆེ་བར་ཞལ་པར་ཐོག  སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཁྲིམས་ཞིབ་ཁང་ནས་ལན་ཞིག་འབྱོར་བ་ཡོད་ཅེས་གསུང་གླེང་གནང་འདུག་སྟབས། ཁྲིམས་ཞིབ་ལྷན་ཚོགས་ནས་སྤྱི་ཁྱབ་ཁྲིམས་དྲུང་དཔལ་ལྡན་ཚོགས་གཙོའི་སར་ཆེད་བརྫངས་ཀྱིས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོར་བཞུགས་མོལ་ཚོགས་འདུ་ལས་འཕྲོས་པའི་བཀའ་ལན་འབུལ་དགོས་པ་གང་ཡང་ལྷག་མེད་པའི་སྐོར་སྙན་གསན་ཞུས་ཡོད།

ཀ་༡༠།     ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༧ ཉིན་བཀའ་དྲུང་ཡིག་ཚང་གི་ ༢༠༡༩།༣།༢༦ འཁོད་གནས་ཤིག་འབྱོར་བའི་ནང་། བཀའ་བློན་དུ་འདེམས་ཐོན་བྱུང་བ་རྫོང་དཀར་སྟོབས་རྒྱལ་ཚེ་རིང་མཆོག་བཅའ་ཁྲིམས་དོན་ཚན་ ༢༥ པའི་དགོངས་དོན་བཞིན། ་་་ ཕྱི་ལོ་ ༢༠༡༩།༤།༡ རེས་གཟའ་ཟླ་བའི་ཉིན་རྒྱབ་ཕྱག་ཚོད་ ༢།༡༥ ཐོག་དམ་འབུལ་མཛད་སྒོ་ཐུགས་གཏན་འཁེལ་བ་ཞིག་མཛད་ཕྱོགས་གནང་སྐྱོང་ཡོང་བ་ཞེས་འཁོད་འདུག

ཀ་༡༡།     ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༨ ཉིན་གྱི་ཕྱི་དྲོར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། བཀའ་བློན་དུ་འདེམས་ཐོན་གསལ་བསྒྲགས་གནང་བའི་སྐྱེ་བོ་དེར་བཅའ་ཁྲིམས་ནང་གསལ་གྱི་ཆ་རྐྱེན་ཚང་གི་མེད་པས། དེའི་ཐོག་བཅའ་ཁྲིམས་དང་མཐུན་པའི་གནང་ཕྱོགས་ཤིག་མ་བྱུང་བར་དུ། བཅའ་ཁྲིམས་དོན་ཚན་ ༢༥ ནང་གསལ་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཀྱི་ལས་རིམ་ཐོག་བསྐྱོད་ཐབས་མེད་ངེས་ཡིན་པ་ནན་བརྗོད་བྱ་རྒྱུ་ཞེས་དང་།

ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་སྲུང་སྐྱོབ་ཀྱི་དམ་བཅའ་ནམ་ཡང་འདོར་ཐབས་མེད་པས། དེའི་ཐད་མུ་མཐུད་རྣམ་པ་ཅི་རིགས་ཀྱི་འགྲན་སློང་གནང་ཚེ། ཐེངས་འདིའི་བཀའ་བློན་འོས་འདེམས་སྐོར་གྱི་རྒྱབ་ལྗོངས་རྒྱུ་མཚན་དང་བཅས་པའི་རིམ་པ་རྣམས་ཡོངས་ཁྱབ་གསལ་བསྒྲགས་མི་བྱེད་ཀ་མེད་ཆགས་རྒྱུ་ཞེས་པའི་ཐག་གཅོད་ཡི་གེ་ཞིག་བཀའ་དྲུང་ཡིག་ཚང་ལ་ཕུལ་བ་དང་། དེའི་ངོ་བཤུས་ཚོགས་གཙོ་སྦྲེལ་པོར་ཕུལ་ཡོད།

ཀ་༡༢།     ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༩ ཉིན། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་གིས། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༧ པའི་མཇུག་བསྡོམས་གསུང་བཤད་གནང་སྐབས། རྣམ་པ་ཚོ་ ༤༣ འདི་ Google ལ་བརྒྱ་ཆ་ ༥༠ ལ་བགོ་བ་ཡིན་ན་ག་ཚོད་ཆགས་ཀྱི་འདུག་ཅིག་གཟིགས་དང་། བརྒྱ་ཆ་ ༢༡ དང་གྲངས་ཆུང་ ༥ ཆགས་འགྲོ་ཡི་རེད། དེ་ཡིན་ཙང་ང་ཚོའི་ངོས་ནས་བརྒྱ་ཆ་ལོང་བ་ཞིག་ལ་ངོས་འཛིན་བྱས་པའི་ཐོག་ནས་ཐག་གཅོད་བྱས་པ་རེད། ཡིན་ནའང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བརྒྱ་ཆ་ལོང་མི་འདུག་གསུངས་ཏེ། གང་ལྟར་ད་ལྟའི་གནས་སྟངས་དེ་དེ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཡིན་ཙང་བརྒྱ་ཆ་སྐོར་ཕྱོགས་དེ་ཕྱོགས་མི་འདྲ་མི་འདྲ་རེད། ཡིན་ནའང་ང་ཚོའི་ངོས་ནས་ང་ཚོས་སྔོན་མ་ནས་བསྐོར་བཞག་པ་དེ་གཞི་རྩར་བཟུང་པ་རེད། ད་ལྟ་ Google སྔོག་པ་ཡིན་ནའང་དེ་བཞིན་འདོན་ཡོང་གི་འདུག དེ་མ་འགྲིག་པ་ཞིག་ཡིན་པ་མཐོང་གི་མིན་འདུག་(སྤྱི་ལྷན་གྱི་དྲ་རྒྱ་ http://chithu.org ལས་དྲངས།)ཅེས་གསུངས་ཡོད།

ཁ༽  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དང་དེའི་རྒྱུ་མཚན།

ཁ་༡།       ཐེངས་འདིའི་བཀའ་བློན་གྱི་འོས་བསྡུ་དེ། ངོ་ཡོད་སྤྱི་འཐུས་གྲངས་ ༤༣ ཡོད་ཁོངས་ཀྱི་འོས་ཐོབ་གྲངས་ ༢༡ དེ་བརྒྱ་ཆ་རྩིས་བསྐོར་བྱས་ན་བརྒྱ་ཆ་ ༤༨་༨༤ (21×100÷43=48.84%) ལས་ལོན་མེད་པས། བཅའ་ཁྲིམས་ལེའུ་བཞི་པ་སྒྲིག་འཛུགས་ཀྱི་འགན་འཛིན་ཞེས་པའི་དོན་ཚན་ ༢༢ བཀའ་བློན་གྱི་འོས་འདེམས་ནང་། འདེམས་ཐོན་ཐོག་དམ་འབུལ་ཟིན་པའི་སྲིད་སྐྱོང་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅའ་ཁྲིམས་དོན་ཚན་ ༢༡ པར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་རྒྱུ་དང༌། དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་འདེམས་བྱེད་དགོས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ། གྲོས་ཚོགས་སུ་སྤྱི་མོས་སམ་མང་མོས་ཐོན་པའི་རིགས་ལ་སྲིད་སྐྱོང་གིས་བཀའ་བློན་དུ་བསྐོ་གཞག་བྱ་རྒྱུ། སྲིད་སྐྱོང་གིས་བཏོན་པའི་འོས་གཞི་ཡོངས་རྫོགས་སམ་གང་རུང་ལ་མང་མོས་མ་ཐོབ་ཚེ་འོས་གཞི་གསར་པ་སྲིད་སྐྱོང་གིས་གོང་བཞིན་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུ་ཞེས་གསལ་ཡོད་པའི་དགོངས་དོན་ལ་མངོན་གསལ་གྱི་གནོད་འགལ་བྱས་ཡོད་པ་སྟེ།

ཁ་༡་༡།    བཀའ་བློན་དུ་འོས་ཐོན་འབྱུང་བའི་དགོས་ངེས་གྲངས་ཚད་ཀྱི་ཆ་རྐྱེན་ནི་ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་དགོས་པ་ཡིན། དེར་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་ཆ་རྐྱེན་བཞག་མེད།

ཁ་༡་༢།    སྐབས་འདིའི་འོས་འཕེན་པ་ནི་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཡིན།

ཁ་༡་༣།    འོས་ཤོག་འཕེན་སྟངས་ནི་གསང་བའི་འོས་ཤོག་སྡུད་དགོས།

ཁ་༡་༤།    དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༢༢ གཞིར་བཟུང་སྤྱི་འཐུས་ལྷན་ཚོགས་སུ་བཀའ་བློན་འོས་གཞི་མིང་འདོན་གནང་བ་གང་ཞིག  བཅའ་ཁྲིམས་ནང་གསལ་དགོས་ངེས་ཀྱི་བརྒྱ་ཆའི་གྲངས་ཚད་ལོན་མེད་པ་མངོན་སུམ་དུ་གྲུབ་ཡོད་པས། མང་མོས་མ་ཐོབ་པ་ཞིག་ལ་འོས་ཐོན་བྱུང་བའི་གསལ་བསྒྲགས་བྱས་པ་དེ་བཅའ་ཁྲིམས་དོན་ཚན་འདིའི་དགོངས་དོན་དང་འགལ་ཡོད།

ཁ་༢།       བཅའ་ཁྲིམས་ལེའུ་ལྔ་པ་ཁྲིམས་བཟོའི་དབང་འཛིན་ཞེས་པའི་དོན་ཚན་ ༤༩ སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད་ཀྱི་ནང་གསེས་ ༡ ནང་།  སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། འོན་ཀྱང་སྤྱི་འཐུས་རྩ་འབོར་དང་ངོ་ཡོད་ཆ་བགོས་རྩིས་སྐོར་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་ཞེས་པ་འདི། སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་ལྷན་ཚོགས་གནང་སྐབས་དམའ་མཐར་སྤྱི་འཐུས་ཅི་ཙམ་ངོ་འཛོམས་དགོས་པའི་ཉུང་ཚད་(quorum)གཏན་འབེབས་ཡིན་པ་ལས། བཀའ་བློན་འོས་ཐོན་གྱི་དགོས་ངེས་གྲངས་ཚད་ལ་སྦྱོར་མི་རུང་བ་སྟེ།

ཁ་༢་༡།    བཅའ་ཁྲིམས་དོན་ཚན་ ༢༢ པའི་རྩིས་གཞི་བརྒྱ་ཆ་ (༥༠) ཡིན་པ་དང་། དོན་ཚན་ ༤༩(༡) ཡི་རྩིས་གཞི་ནི་གྲངས་ཆ་(གསུམ་ཆ་གཉིས་)ཡིན།

ཁ་༢་༢།    ཆ་རྐྱེན་དེ་དག་དོན་གནད་ཐ་དད་དེ། སྔ་མ་ནི་བཀའ་བློན་གྱི་འོས་འདེམས་བྱེད་སྟངས་སྐོར་ཡིན་པ་དང་། ཕྱི་མ་ནི་སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་སུ་སྤྱི་འཐུས་ཀྱི་ཉུང་ཚད་སྐོར་ཡིན།

ཁ་༢་༣།    བཀའ་བློན་གྱི་འོས་འདེམས་མཚམས་འཛིན་བརྒྱ་ཆ་ ༥༠ ལས་མ་ཉུང་བ་ཡིན་པ་དང་། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད་མཚམས་འཛིན་ནི་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པའི་གསུམ་ཆ་གཉིས་ཡིན་པས། དོན་ཚན་གཅིག་གིས་ཅིག་ཤོས་དེར་དཔེ་འགེབས་དང་རིགས་བསྒྲེ་བྱེད་ས་མི་འགྲོ།

ཁ་༣།      སྤྱི་འཐུས་ལྷན་ཚོགས་ནས་འདེམས་ཐོན་བྱུང་བར་ངོས་འཛིན་བྱས་པའི་རྒྱབ་རྟེན་དུ་བརྒྱ་ཆ་བགོ་སྟངས་ཀྱི་རེའུ་མིག་དེ་གཞིར་བཟུང་བྱས་པ་ཡིན་ཞེས་པ་ནི། ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་སྐབས་སྤྱི་འཐུས་ལྷ་(ལྷན་)ཚོགས་ནང་མོས་མཐུན་རྒྱབ་སྐྱོར་ཇི་དགོས་ཀྱི་རེའུ་མིག་ཅེས་པ་ཤོག་ངོས་གཉིས་ཅན་དང་། དེའི་མཉམ། སྤྱི་འཐུས་གྲངས་དང་། བརྒྱ་ཆ་སུམ་ཆ་ ༢ ། བརྒྱ་ཆ་ ༥༠ ། བརྒྱ་ཆ་བཞི་ཆ་གསུམ་ཞེས་པ་རེའུ་མིག་ཤོག་ངོས་གཅིག་ཅན་ཞིག་འདུག་པ་དེ་ཡིན་འདུག

ཁ་༣་༡།    རེའུ་མིག་དེ་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་སྐབས་སྤྱི་འཐུས་ལྷན་ཚོགས་ནང་མོས་མཐུན་རྒྱབ་སྐྱོར་ཇི་དགོས་ཀྱི་རེའུ་མིག་ཡིན་པ་ལས། བཀའ་བློན་གྱི་འོས་འདེམས་སྐབས་བརྒྱ་ཆ་བགོ་སྟངས་སྐོར་མིན་པ་རེའུ་མིག་དེའི་འགོ་བརྗོད་ནས་རྟོགས་ཐུབ།

ཁ་༣་༢།    ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། རེའུ་མིག་དེ་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འཛིན་ཡིག་ཆ་གང་དུ་གསལ་ཡོད་མེད་དང་། དེར་ནུས་ཚད་ཇི་ལྡན་མ་ངེས་ལ། བཀའ་བློན་གྱི་འོས་འདེམས་ཚང་མར་དེ་དོན་གནང་བ་བྱུང་ཡོད་མེད་ཀྱང་མ་ངེས་མོད། ཡིག་ཆ་དེས་བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ་བཀའ་བློན་དུ་འདེམས་ཐོན་ཡོང་བ་ལ་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་དགོས་པའི་ཆ་རྐྱེན་འདིར་བསྒྱུར་བཅོས་གཏོང་ཐབས་མེད་ཅེས་ཚོགས་གཙོ་སྦྲེལ་པོར་གསལ་སྟོན་ཟིན་ཡོད།

ཁ་༣་༣།   ཚོགས་དྲུང་ལས་ཁུངས་ནས་འདི་གར་གནས་ལན་གནང་བའི་ནང་། བཀའ་བློན་གྱི་འོས་འདེམས་ཚང་མར་དེ་དོན་གནང་བ་བྱུང་ཡོད་ཅེས་བཀོད་པ་ནི་གཞི་རྩ་མེད་པ་ཞིག་སྟེ། བཀའ་ཤག་སྐབས་ ༡༤ (༢༠༡༡་་་༡༦)པའི་བཀའ་བློན་འོས་གཞི་རྣམས་སྤྱི་མོས་ཀྱིས་འདེམས་ཐོན་བྱུང་ཡོད་པ་དང་། སྐབས་ ༡༥ (༢༠༡༦་་༢༡)པའི་བཀའ་བློན་འོས་གཞིའི་ཁོངས་ནས་འོས་ཐོབ་དམའ་ཤོས་དེར་ཡང་ངོ་ཡོད་སྤྱི་འཐུས་ ༤༣ ཁོངས་ནས་འོས་གྲངས་ ༢༤ ཐོབ་སྟེ་བརྒྱ་ཆ་ ༥༥ ཡན་ལོན་ཡོད་ལ། སྐབས་ ༡༣ (༢༠༠༦་་༡༡)པའི་བཀའ་ཤག་གི་བཀའ་བློན་འོས་གཞིའི་ཁྲོད་ནས་འོས་ཐོབ་དམའ་ཤོས་ ༢༡ བྱུང་བ་དེ་ངོ་ཡོད་སྤྱི་འཐུས་ ༤༠ ཡི་བརྒྱ་ཆར་རྩིས་བསྐོར་བྱས་ན་བརྒྱ་ཆ་ ༥༢ ཡན་ལོན་ཡོད་པ་དང་། བཀའ་ཤག་སྐབས་ ༡༢ (༢༠༠༡་་༠༦)པའི་འདེམས་ཐོན་བཀའ་བློན་རྣམས་སྤྱི་མོས་ཡིན་པ་ལས་བརྒྱ་ཆ་རྩིས་བསྐོར་བྱེད་དགོས་པ་བྱུང་མེད།

ཁ་༤།      ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་རྣམས་གསལ་སྟོན་བྱས་ཟིན་རྗེས། ད་དུང་མུ་མཐུད་དེ། སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་བྱེད་ཕྱོགས་དང་། བཀའ་མོལ་གནང་ཕྱོགས། འོས་འཕེན་སྟངས་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་ལ་ཡོད་མ་རེད་ཅེས་གསུངས་པ་ནི། བཅའ་ཁྲིམས་དོན་ཚན་ ༤༦ དང་ ༥༨ གཉིས་མཉམ་བསྲེས་བཏང་སྟེ་འགྲེལ་ལོག་གནང་བ་ཞིག་ཡིན།

ཁ་༤་༡།    བཅའ་ཁྲིམས་དོན་ཚན་ ༤༦ ནང་། སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག་ཅེས་པ་འདི་གཏུག་མཁན་ཞིག་གིས་སྤྱི་འཐུས་སུ་རུང་ཁྲིམས་ཞིབ་ཁང་ལ་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་གཏུགས་མི་ཆོག་པའི་གོ་དོན་ཡིན་པ་ལས། ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་ཀྱི་ཚད་འཛིན་ཐག་གཅོད་བྱེད་སྐབས་ཀྱི་གནད་དོན་དང་འབྲེལ་བ་གཏན་ནས་མེད།

ཁ་༤་༡་༡། སྐབས་འདིར་དམིགས་བསལ་ཐོབ་ཐང་སྤྲད་ཡུལ་སྤྱི་འཐུས་སུ་རུང་ཡིན་པ་དང་། དགག་བྱའི་ལས་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག་པ་དང་། དགག་བྱའི་སྐྱེ་བོ་སུས་ཀྱང་ཞེས་བཀག་པ་ཞིག་ཡིན་པ་ལས། དོན་ཚན་འདིས་ཁྲིམས་ཞིབ་ཁང་གི་དབང་ཚད་ལ་བཀག་སྡོམ་གང་ཡང་གནང་མེད།

ཁ་༤་༡་༢། གལ་སྲིད་ཁྲིམས་ཞིབ་ཁང་ལ་འདི་ལྟ་བུའི་ཞུ་གཏུགས་བྱུང་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་དེ་རིགས་ཁྲིམས་ཡིག་གཞིར་བཟུང་ཕྱིར་སློག་བྱེད་ངེས།

ཁ་༤་༢།    བཅའ་ཁྲིམས་དོན་ཚན་ ༥༨ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ་ཞེས་པའི་ནང་གསེས་ ༡ ནང་།  སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་ཅེས་པ་ནི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་གྱི་དོན་གནད་དེ་དག་ལ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་པའི་གོ་དོན་ཡིན་པ་ལས། བཅའ་ཁྲིམས་དང་འགལ་བའི་དོན་གནད་ལ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་པའི་འགྲེལ་ལོག་བྱེད་མི་ཆོག

ཁ་༤་༢་༡། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་བློན་གྱི་འོས་གཞི་དེར་བཅའ་ཁྲིམས་ནང་གསལ་དགོས་ངེས་བརྒྱ་ཆའི་གྲངས་ཚད་ལོན་ཡོད་མེད་གཞལ་བྱར་བཟུང་བ་ལས། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་ལ་ཐེ་བྱུས་བྱས་མེད་པ་དང་། དེ་ཡང་བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ་གྱི་ཆ་རྐྱེན་དང་མཐུན་མིན་ལ་དཔྱད་ཞིབ་ཐག་གཅོད་བྱས་པ་ལས། ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་རྩད་གཅོད་བྱས་པ་ཞིག་མིན།

ཁ་༤་༢་༢། ཐེངས་འདིར་སྤྱི་འཐུས་ལྷན་ཚོགས་སུ་བཀའ་བློན་གྱི་འོས་གཞི་དེར་བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ་གྱི་དགོས་ངེས་བརྒྱ་ཆའི་གྲངས་ཚད་ལོན་ཡོད་མེད་ཁྲུན་འབྱེད་བྱས་པ་ཞིག་ཡིན་པ་ལས། བཀའ་བློན་གྱི་འོས་བསྡུ་ཚད་ལྡན་བྱུང་ཡོད་མེད་རྩད་གཅོད་བྱས་པ་མིན་ལ། ཐག་གཅོད་བྱེད་ཕྱོགས་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་སྐོར་རྩད་གཅོད་བྱས་པ་དེ་བས་ཀྱང་མིན།

ཁ་༤་༣།   བཅའ་ཁྲིམས་དོན་ཚན་ ༥༨(༢) ནང་། ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་ཅེས་པ་འདི་ནི་བཅའ་ཁྲིམས་ཀྱིས་བསྐུར་བའི་ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ཀྱི་ཁྲིམས་བཟོའི་དབང་ཚད་ལོངས་སུ་སྤྱོད་པའི་གནས་སྐབས་ཁོ་ན་ཡིན་པ་ལས། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་རུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་གནོད་ཚབས་བཟོ་བའི་གནས་སྐབས་སམ། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ལ་གནོད་འགལ་བྱེད་པའི་སྐབས་སུའང་ཁྲིམས་ཞིབ་ཁང་གང་གི་ཡང་ཁྱབ་ཁོངས་སུ་མེད་པའི་གོ་དོན་མིན།

ཁ་༤་༤།   ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་འདིས། ཐེངས་འདིར་གྲོས་ཚོགས་སུ་བཀའ་བློན་གྱི་འོས་གཞི་དེར་དགོས་ངེས་བརྒྱ་ཆའི་གྲངས་ཚད་ལོན་མེད་པའི་བཅའ་ཁྲིམས་ཀྱི་དངོས་བསྟན་ལ་ཐད་ཀར་རྡོག་རོལ་བཏང་བའི་ཆ་དེ་བཀག་པ་ཞིག་ཡིན་པ་ལས། བཅའ་ཁྲིམས་དོན་ཚན་ ༤༦ ནང་གསལ་སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་ལ་དོ་ཕོག་དང་། དོན་ཚན་ ༥༨ ནང་གསལ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པའི་ལས་དོན་དེ་དག་ཐོག་ཐེ་བྱུས་བྱས་པ་ཞིག་གཏན་ནས་མིན་པ་རྒྱུ་མཚན་གོང་བརྗོད་ལྟར་ཡིན།

ཁ་༥།      བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་སྲུང་སྐྱོབ་བྱ་རྒྱུ་དེ་ཁྲིམས་ཞིབ་ཁང་གི་འདོར་དུ་མེད་པའི་ལས་འགན་ཡིན་སྟབས། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་བཞི་པར་བཀའ་བློན་གྱི་འོས་གཞི་དེ་འདེམས་ཐོན་བྱུང་བའི་ཐག་གཅོད་གསལ་བསྒྲགས་བྱས་པ་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་དང་མ་མཐུན་པར་ངོས་འཛིན་ཐག་གཅོད་བྱས་པ་ཡིན་ཞིང་། འོས་ཐོན་མ་བྱུང་བའི་འོས་གཞི་དེར་ལས་འཁུར་དང་གསང་རྒྱའི་དམ་བཅའ་འབུལ་བཞེས་ཡོང་བའི་ཞུ་སྐུལ་བྱུང་བ་ཡང་རང་བཞིན་གྱིས་ངོས་བཞེས་གནང་ཐབས་མེད་པའི་ཐག་གཅོད་བྱས་པ་ཡིན། དེ་ཡང་།

ཁ་༥་༡།    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༦ ནང་གསལ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་འདི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་པ་དང་། དེར་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་པའི་སྐུ་དབང་དང་། དེ་བཞིན་བཅའ་ཁྲིམས་དོན་ཚན་ ༥ ནང་གསལ་ལྟར་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་རུང་ནུས་ལྡན་ཡིན་མིན་བཅའ་ཁྲིམས་ཀྱི་ཚད་འཛིན་ཐག་གཅོད་བྱེད་པའི་སྐུ་དབང་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བསྐུར་ཡོད་པས། ཀ་བ་གསུམ་གྱི་དབང་ཆའི་ས་མཚམས་ལས་མ་བརྒལ་བའི་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན།

ཁ་༥་༢།    བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་དབང་རྣམས་ལག་བསྟར་བྱེད་སྐབས་སུ། བཅའ་ཁྲིམས་ཀྱི་དགོངས་དོན་ལ་དོ་ཕོག་དང་གནོད་འགལ་བྱེད་པའི་བྱ་སྤྱོད་མཐོང་བཞིན་དུ་དེར་སྣང་མེད་དམ། གུ་བཤངས་སམ། བབ་བསྟུན་ནམ། མཐུན་འགྱུར་བྱ་རྒྱུ་ནི་ཁྲིམས་ཞིབ་ཁང་གནས་དགོས་པའི་རྒྱུ་མཚན་དང་རྒྱབ་འགལ་ཡིན་པས། ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་སྲུང་སྐྱོབ་ཀྱི་དམ་བཅའ་ནམ་ཡང་འདོར་ཐབས་མེད་པ་བཅས་ཀྱི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༤ ལ། །

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།