འཕུར་མདའ་ཞིག་པོ་ལན་ཌའི་ས་ཐོག་ཏུ་ལྷུང་འདུག
ཟླ་འདིའི་ཚེས་༡༨ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། པོ་ལན་ཌའི་ས་ཐོག་ཏུ་ལྷུང་བའི་འཕུར་མདའ་དེ་ཕལ་ཆེར་ཡུག་རེན་གྱིས་འཕངས་ཡོད་སྲིད་རབས་ཀྱི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༨ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། པོ་ལན་ཌའི་ས་ཐོག་ཏུ་ལྷུང་བའི་འཕུར་མདའ་དེ་ཕལ་ཆེར་ཡུག་རེན་གྱིས་འཕངས་ཡོད་སྲིད་རབས་ཀྱི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༡༥ ཉིན་ཡུག་རེན་ནས་ལེ་དབར་༤ ཙམ་ལ་ཡོད་པའི་པོ་ལན་ཌའི་གྲོང་གསེང་ཞིག་ལ་འཕུར་མདའ་ཞིག་ལྷུང་ནས་ཡུལ་མི་གཉིས་ལ་སྲོག་སྐྱོན་བྱུང་ཡོད་འདུག གནས་ཚུལ་དེ་བྱུང་བ་དང་ཨ་རིའི་སྤྱི་ཁྱབ་དམག་དཔོན་ཆེན་མོ་(Mark Milley) ཡིས་ཨུ་རུ་སུའི་དམག་སྤྱི་(Gerasimov) ལ་ཁ་པར་བཏང་ནས་གནས་ཚུལ་དེའི་ཐོག་ལ་གོ་བསྡུར་བྱེད་ཐབས་བྱས་ཀྱང་། ཨུ་རུ་སུའི་ཕྱོགས་ནས་ཡ་ལན་མ་བྱས་པར་བརྟེན་གྲུབ་འབྲས་གང་ཡང་བྱུང་མེད་པ་རེད་འདུག
པོ་ལན་ཌའི་སྲིད་འཛིན་གྱིས་པོ་ལན་ཌའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་གནས་ཚུལ་རག་གསལ་ལྟར་ན། འཕུར་མདའ་དེ་ནི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་སུ་བཟོས་པའི་(S-300) ཞེས་པ་དེ་ཡིན་པ་དང་། འཕུར་མདའ་རྙིང་པ་ཞིག་ཡིན་པ་མ་ཟད་ཨུ་རུ་སུས་འཕངས་ཡོད་པའི་དཔང་རྟགས་གང་ཡང་མི་འདུག་པས་ཕལ་ཆེར་དེ་ཡུག་རེན་གྱི་གནམ་དམག་སྲུང་སྐྱོབ་ཁང་གིས་འཕངས་ཡོད་སྲིད་པ་ཞིག་རེད་ཅེས་བརྗོད་ཡོད་འདུག
ཨ་རི་སྲིད་འཛིན་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཀྱང་འཕུར་མདའ་དེ་ཨུ་རུ་སུས་འཕངས་པ་ཞིག་མིན་པ་དེ་ནི་ཕལ་ཆེར་ཡུག་རེན་གྱིས་འཕངས་ཡོད་རྒྱུ་རེད་ཅེས་བརྗོད་ཡོད་འདུག
ཡིན་ན་ཡང་། ཡུག་རེན་སྲིད་འཛིན་གྱིས་འཕུར་མདའ་དེ་ནི་ཨུ་རུ་སུས་འཕངས་ཡོད་པ་དང་། ཡུག་རེན་གྱིས་འཕངས་པའི་དོགས་པ་གང་ཡང་མེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བརྗོད་འདུག
པོ་ལན་ཌ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཚོགས་མི་ཡིན་པ་དང་། ཚོགས་པའི་སྒྲིག་གཞི་ནང་ཚོགས་མི་རྒྱལ་ཁབ་གཅིག་ལ་གཏོར་རྒོལ་བྱུང་ན་ཚོགས་མི་རྒྱལ་ཁབ་ཀུན་ལ་གཏོར་རྒོལ་བྱུང་བ་དང་གཅིག་མཚུངས་ཡིན་ཞེས་གསལ་བ་ལྟར། གལ་སྲིད་འཕུར་མདའ་དེ་ཨུ་རུ་སུས་འཕངས་ཡོད་ན། དམག་འཁྲུག་གི་གཞི་རྒྱ་ཆེ་རུ་འགྲོ་སྲིད་པའི་གནས་ཚུལ་ཐོན་འདུག
ཡུག་རེན་ནང་གི་དམག་འཁྲུག་མུ་མཐུད་བཞིན་པ་དང་ཕྱོགས་གཉིས་བར་འཕུར་མདའ་འཕེན་རེས་བྱེད་བཞིན་ཡོད་པས། ཡུག་རེན་གྱི་འཕུར་མདའ་ཞིག་པོ་ལན་ཌའི་ས་ཐོག་ཏུ་ལྷུང་ཡོད་སྲིད་རབས་ཀྱི་ཚོད་དཔག་བྱེད་བཞིན་པ་ལས། དོན་དུ་འཕུར་མདའ་དེ་སུས་འཕངས་ཡོད་མེད་ད་དུང་ཤེས་མེད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།