འཕྲིན་ལས་ལྷ་མོ་ལ་ལོ་ཀར་ནོ་(Locarno) གློག་བརྙན་དུས་སྟོན་ཐེངས་ ༧༧ པའི་ཐོག་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ།
བལ་ཡུལ་གྱི་ཤམ་བྷ་ལ་ཞེས་པའི་གློག་བརྙན་འཁྲབ་སྟོན་པ་གཙོ་གྲས་བོད་པའི་བུ་མོ་འཕྲིན་ལས་ལྷ་མོ་ལ་སུད་སིའི་གློག་བརྙན་དུས་སྟོན་སྐབས་ ༧༧ པའི་ཐོག་འཁྲབ་སྟོན་པ་ཡག་ཤོས་ཀྱི་གཟེངས་རྟགས་ Boccalina d’oro Prize ཞེས་པ་དེ་ཐོབ་འདུག
ཟླ་འདིིའི་ཕྱི་ཚེས་༡༨ ཉིན་བོད་དང་བལ་པོའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ། བལ་ཡུལ་གྱི་གློག་བརྙན་འཁྲབ་ཁྲིད་པ་Min Bahadur Bham ཞེས་པས་བཟོ་སྐྲུན་བྱས་པའི་ཤམྦྷ་ལ་ཞེས་པའི་ནང་གི་འཁྲབ་སྟོན་པ་གཙོ་བོའི་གྲས་ཡིན་པ་བོད་པའི་བུ་མོ་འཕྲིན་ལས་ལྷ་མོ་ལ་སུད་སིའི་ནང་གི་ལོ་ཀར་ནོ་གློག་བརྙན་དུས་སྟོན་ཐེངས་ ༧༧ པའི་སྟེང་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག སྐབས་དེར་ཤམྦྷ་ལའི་གློག་བརྙན་འཁྲབ་སྟོན་ཚོགས་པ་དང་གློག་བརྙན་དེའི་ནང་གི་འཁྲབ་སྟོན་པ་བསོད་ནམས་སྟོབས་ལྡན་བཅས་ཀྱིས་ཁོང་མོ་དང་ཚོགས་པ་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་དེ་ལྟར་ཐོབ་པར་དགའ་བསུ་དང་སྦྲགས། འདི་ནི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཞིག་ཡིན་པ་དང་ལྷོ་ཨེ་ཤེ་ཡའི་འཁྲབ་སྟོན་པ་ཞིག་ལ་འདི་ལྟའི་ངོས་འཛིན་ཐོབ་པ་ཐོག་མ་དེ་ཡིན་པར་བརྗོད་འདུག་ལ། དེ་བཞིན་གཟེངས་རྟགས་འདིས་འཕྲིན་ལས་ལྷ་མོ་ལ་ཁྱད་དུ་འཕགས་པའི་འཁྲབ་སྟོན་ལ་ངོས་འཛིན་བྱས་པ་ཙམ་མ་ཟད། བལ་ཡུལ་གྱི་ནང་དུ་འབུར་དུ་ཐོན་པའི་སྒྱུ་རྩལ་པ་འབྱུང་བཞིན་པའི་དཔང་རྟགས་དང་། ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་གློག་བརྙན་གྱིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཇེ་ཆེར་འགྲོ་རྒྱུ་ཡིན་པ་སོགས་བཀོད་འདུག་ལ།
གཞན་ཡང་གཟེངས་རྟགས་འདི་ལྷོ་ཤར་ཨེ་ཤེ་ཡའི་ཁུལ་དང་བལ་ཡུལ་གྱི་གློག་བརྙན་བཟོ་མཁན་གྲོགས་པོ་རྣམས་དང་། ལྷག་ཏུ་སྙིང་སྟོབས་ལྡན་པའི་ཧི་མ་ལ་ཡའི་བུད་མེད་གཙོས་པའི་འཛམ་གླིང་གི་བུད་མེད་ཚོའི་ཆེད་དུ་ཡིན་པར་འགྲེལ་བརྗོད་གནང་འདུག འཕྲིན་ལས་ལྷ་མོས་ཤམ་བྷ་ལའི་གློག་བརྙན་ནང་དུ་བུད་མེད་གཅིག་ལ་ཁྱོ་ག་མང་པོའི་གཉེན་སྒྲིག་གི་ལུགས་སྲོལ་འཛིན་པའི་དོལ་པོའི་བུ་མོ་པདྨ་ཞེས་པ་ཞིག་གི་མི་ཚེའི་དཀའ་སྡུག་འཁྲབ་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།