འཚེ་མེད་ཞི་བའི་ཕོ་ཉ་ཞེས་པའི་དཔྱད་རྩོམ་འགྲན་སྡུར་གྱི་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་སྔ་དྲོར་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཚེ་མེད་ཞི་བའི་སྦྱོང་བརྡར་བསྟི་གནས་ཁང་གི་གོ་སྒྲིག་འོག འཚེ་མེད་ཞི་བའི་ཕོ་ཉ་ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་སྔ་དྲོར་དྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཚེ་མེད་ཞི་བའི་སྦྱོང་བརྡར་བསྟི་གནས་ཁང་གི་གོ་སྒྲིག་འོག འཚེ་མེད་ཞི་བའི་ཕོ་ཉ་ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

15356093_1345998058757393_1845648035_nདེར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དང་། རྩོམ་ཡིག་རྩེ་ཕུད་ཀྱི་བྱ་དགའ་རག་མཁན་ཁག་ཅིག དེ་བཞིན་དོ་སྣང་ཅན་གྱི་མི་མང་༦༠ ཙམ་འཛོམས་འདུག དཔེ་དེབ་དེ་ནི་འཚེ་མེད་ཞི་བའི་སྦྱོང་བརྡར་བསྟི་གནས་ཁང་ནས། རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་བོད་མིའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ནས་རྩོད་དགོས་པ་གཉིས་དང་འབྲེལ་བའི་བརྗོད་གཞི་ཁག་ཅིག་ཐོག་དཔྱད་རྩོམ་འགྲན་བསྡུར་བྱས་པ་ཞིག་ཡིན་པ་དང་། དེའི་ནང་སློབ་གྲྭའི་སློབ་མ་དང་། སློབ་ཆེན་སློབ་མ། གཞན་མི་མང་བཅས་སྡེ་ཚན་གསུམ་དུ་བགོས་ཡོད་པ་རེད།

མཛད་རིམ་གྱི་ཐོག་མར་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་དབང་འདུས་ཚེ་རིང་གིས་དཔེ་དེབ་དང་འབྲེལ་ནས་བརྗོད་དོན། “ད་ལྟ་བར་དུ་ང་ཚོས་༧གོང་ས་མཆོག་གི་ཐུགས་ཀྱི་དམ་བཅའ་གསུམ་དེ་འཛམ་གླིང་ཞི་བདེ་སྐྲུན་ཆེད་ཀྱི་དམ་བཅའ་གསུམ་དུ་ངོས་འཛིན་གྱིས་དེའི་སྐོར་བཙན་བྱོལ་གྱི་མི་མང་དང་སློབ་ཕྲུག་རྣམས་ལ་གོ་རྟོགས་སྤེལ་གྱི་ཡོད་རེད།

སྤྱིར་དུས་རབས་ཉི་ཤུ་པ་དེ་ལྷིང་འཇགས་དང་བག་ཕེབས་མེད་པའི་དམག་འཁྲུག་གི་དུས་རབས་ཤིག་རེད་ཅེས་བཤད་ཀྱི་ཡོད་ནའང་། དུས་རབས་དེའི་མཇུག་སྟོད་དུ་གྲོས་མོལ་དང་ཞི་མོལ་གྱི་ལམ་ནས་རྒྱལ་ཁབ་ཉི་ཤུ་རྩ་གྲངས་ལ་རང་སྲིད་རང་སྐྱོང་ཐོབ་ཡོད་པའི་གནས་ཚུལ་ཞིག་ཡོད་རེད། འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་ལམ་ལྷོང་ཡོང་བ་དེ་འདྲ་མང་པོ་ཡོད་དུས་དེ་ཚོའི་སྐོར་ལ་གོ་རྟོགས་ཡོང་ཕྱིར་ལས་འགུལ་སྤེལ་གྱི་ཡོད་རེད། འཚེ་མེད་ཞི་བའི་ལས་འགུལ་ཟེར་དུས་མར་མེའི་ཁྲོམ་སྐོར་བྱས་པ་ལྟ་བུ་གཅིག་པུ་མིན་པར། འཚེ་མེད་ཞི་བའི་ལས་འགུལ་སྤེལ་སྟངས་ལ་རྣམ་གྲངས་མི་འདྲ་བ་༡༩༨ ཡོད་རེད། གྲངས་ཀ་དེ་ཡང་མི་གཅིག་གིས་ཞིབ་འཇུག་གི་ལམ་ནས་བཟོས་པ་ཞིག་རེད་མ་གཏོགས་གཞན་ཐབས་ལམ་གསར་པ་འཚོལ་ནས་བཟོས་ནའང་འགྲིག་གི་ཡོད་རེད། དེ་འདྲའི་ཐོག་ལ་ད་བར་ང་ཚོས་བོད་པའི་སྤྱི་ཚོགས་སུ་འཇོན་ཚོད་དཔག་ཚོད་ཀྱིས་ཟབ་སྦྱོང་སྤྲད་དང་སྤྲོད་བཞིན་ཡོད་རེད། དེའི་ཐད་ལ་མི་མང་གིས་ངོས་ནས་གོ་རྟོགས་ག་ཚོད་བྱུང་ཡོད་མེད་ཤེས་རྟོགས་ཡོང་ཕྱིར་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་བོད་མིའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ནས་རྩོད་དགོས་པའི་སྐོར་གྱི་བརྗོད་གཞིའི་ཐོག་དཔྱད་རྩོམ་འགྲན་བསྡུར་གྱི་ལས་འགུལ་འདི་སྤེལ་བ་རེད་ཅེས་གསུངས་སོང་།

འདིའི་དཔལ་འབྱོར་འགྲོ་གྲོན་གྱི་ཕྱེད་ཀ་ཙམ་ཞིག་ཡོ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་དང་སྦར་སོ་ལོ་ན་བོད་ཁང་གཉིས་ཀྱིས་གནང་བ་དང་། ཕྱེད་ཀ་དེ་ཚོགས་པ་ཁོ་རང་ནས་སྤྲད་པ་ཡིན་སྐོར་ཡང་འགྲེལ་བརྗོད་བྱས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་འཚེ་མེད་ཞི་བ་དང་འབྲེལ་ནས་གསུང་དོན། “འཚེ་མེད་ཞི་བ་འདི་ནང་པའི་ལྟ་གྲུབ་དང་། ༧གོང་ས་མཆོག་གི་དགོངས་གཞི་གཉིས་དང་འབྲེལ་བ་གང་ཞིག་ལ། ད་ལྟའི་དུས་ཚོད་འདིར་ང་ཚོའི་སྤྱི་ཚོགས་ཀྱིས་ལག་ལེན་ཚད་དང་ལྡན་པ་བསྟར་ཐུབ་པ་དང་གྲུབ་འབྲས་ཡག་པོ་ཐོན་པའི་བཟོ་འདྲ་པོ་ཞིག་རེད། དེའི་ཐོག་ང་ཚོས་ག་ཚོད་ཡོང་གི་ཡོད་མེད་ང་རང་ཚོ་རང་ཉིད་ཀྱིས་དགོངས་པ་བཞེས་དགོས་པ་རེད་འདུག ང་རང་ཚོའི་ཆོས་ཕྱོགས་ཀྱི་གནས་སྟངས་ཐད་ནས་བཤད་ན། གྷན་དྷི་ཡིས་གསུངས་པའི་འཚེ་མེད་ཞི་བ་དེ་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་གཞན་ཕན་དང་། ཚུལ་ཁྲིམས་དང་ལྡན་པ། བཟོད་པ་སྒོམ་སྟངས་སོགས་ཀྱི་ནང་ཚན་ཞིག་ཡིན་པས། ནང་ཆོས་དང་འབྲེལ་བ་ཡོད་པའི་ཐོག ཆབ་སྲིད་ཀྱི་ཐོག་ནས་ཀྱང་ང་ཚོའི་ལྟ་གྲུབ་དེ་འཚེ་མེད་ཞི་བ་རེད། ༧གོང་ས་མཆོག་གིས་ཇི་སྲིད་དུ་བོད་མི་རྣམས་འཚེ་མེད་ཞི་བའི་ལམ་བསྐྱོད་པ་དེ་སྲིད་དུ་ངས་མི་མང་གི་འགོ་ཁྲིད་བྱེད་ཀྱི་ཡིན། གལ་ཏེ་དྲག་པོའི་ལམ་ལ་འགྲོ་རྒྱུའི་འདེམས་ཀ་ཞིག་བྱུང་དུས་ངས་མི་མང་གི་འགོ་ཁྲིད་ཐུབ་ཀྱི་མ་རེད་ཅེས་བཀའ་གསལ་པོ་གནང་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོའི་ཆབ་སྲིད་ཀྱི་ཐོག་ནས་བསམ་བློ་གཏོང་པ་ཡིན་ན་འཚེ་མེད་ཞི་བ་འདི་ང་ཚོའི་སྲིད་ཇུས་དང་མཐུན་པ་རེད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཀྱང་ང་ཚོས་ཐབས་ལམ་དེ་འདྲ་ཞིག་མ་བསྟེན་ཁ་མེད་རེད། དྲག་པོའི་ཐོག་ནས་ང་ཚོས་ཕ་རོལ་པོ་གཞོམ་མི་ནུས་པ་ངེས་ཅན་རེད། དཔེར་ན་ཁ་སང་ལ་ཡིན་ན་ཡང་། བོད་ནང་ནས་མི་གཅིག་གིས་བློས་གཏོང་ཆེན་པོ་བྱས་ནས་རང་ལུས་མེར་སྲེག་གི་འཚེ་བ་མེད་པ་ལག་ལེན་བསྟར་ཡོད་རེད། ང་ཚོས་ཀྱང་འཚེ་བ་མེད་པ་ལག་བསྟར་བྱེད་ཀྱི་ཡོད་ཅེས་བརྗོད་པ་ནང་བཞིན་དངོས་ཡོད་གནས་ཚུལ་ལ་ཡང་དེ་ཆགས་ཀྱི་ཡོད་རེད། གང་ལྟར་ང་རང་ཚོའི་མི་འབོར་སོགས་གནས་སྟངས་གང་ཅིའི་ཐད་ནས་བསམ་ན་འོས་བབས་ཆེ་ཤོས་དེ་འཚེ་མེད་ཞི་བ་ཆགས་ཀྱི་ཡོད་རེད་”ཅེས་སོགས་ཀྱི་བཀའ་སློབ་རྒྱས་པ་ཞིག་གསུངས་སོང་།

འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་ཚོགས་པ་ནི་ཕྱི་ལོ་༢༠༠༧ ལོར་རྒྱ་གར་གཞུང་གི་འོག་དེབ་སྐྱེལ་བྱས་ནས་བཙུགས་པ་ཞིག་རེད་འདུག་ལ།  ཕྱི་ལོ་༡༩༩༦ ལོ་ནས་བཟུང་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་འཚེ་མེད་ཞི་བའི་ལས་འགུལ་སྤེལ་སྟངས་སོགས་ཀྱི་སྐོར་ལ་ལས་འགུལ་རབ་དང་རིམ་པ་སྤེལ་མུས་སུ་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།