འཛམ་གླིང་ནང་གསར་འགོད་རང་དབང་སྡུག་ཤོས་བཞི་པ་རྒྱ་ནག་ཡིན་འདུག
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འཛམ་གླིང་ནང་གསར་འགོད་རང་དབང་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་དེ་གསར་འགོད་རང་དབང་སྡུག་ཤོས་བཞི་པ་ཡིན་འདུག་པ་དང་། མཐུན་ཚོགས་དེས་རྒྱལ་སྤྱིའི་ཁྱོན་ཡོངས་ནས་གསར་འགོད་པར་བདེ་འཇགས་ལྡན་པའི་ཐོག་ནས་ལས་ཀ་བྱེད་པའི་ཁོར་ཡུག་ཆུང་དུ་འགྲོ་བཞིན་ཡོད་པའི་གནས་སྟངས་ཛ་དྲག་ཆགས་ཡོད་སྐོར་བརྗོད་འདུག
ཟླ་༤ པའི་ཚེས་༡༨ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། འཛམ་གླིང་གི་རྒྱལ་ཁབ་དང་མངའ་ཁུལ་༡༨༠ ནང་གསར་འགོད་རང་དབང་གི་གནས་སྟངས་ཞིབ་འཇུག་བྱས་པའི་ཕྱི་ལོ་༢༠༡༩ ལོའི་སྙན་ཐོ་བཏོན་འདུག་པ་དང་། དེའི་ནང་གསར་འགོད་རང་དབང་གི་གནས་སྟངས་ཡག་པོའམ་འགྲིག་ཙམ་ཡོད་པའི་རྒྱལ་ཁབ་བམ་མངའ་ཁུལ་༤༣ ལས་མེད་འདུག
སྙན་ཐོའི་ནང་འཛམ་གླིང་གི་ས་གནས་མང་པོ་ཞིག་ཏུ་གསར་འགོད་པ་ཚོས་རང་གི་ལས་དོན་ལ་འཇུག་པར། འཚེ་བའི་སྡིགས་བསྐུལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དང་། ཆབ་སྲིད་པ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལྟ་བུས་སྤྱི་ཚོགས་ནང་གསར་འགོད་པར་འཁོན་འཛིན་དང་སྐྱོན་བརྗོད་ཀྱི་སྐད་ཆ་མང་པོ་བཤད་ནས། གསར་འགོད་པར་འཚེ་བའི་བྱ་སྤྱོད་བརྒྱུད་སྐུལ་བྱེད་ཀྱི་ཡོད་པ་བརྗོད་ནས། ཕྱི་ལོ་༢༠༡༨ ལོའི་ཟླ་༦ པའི་ནང་ཨ་རིའི་ས་གནས་མཱེ་རི་ལན་ཌ་ནང་དུ་གསར་ཁང་གཅིག་ལ་འཁོན་འཛིན་བཅང་མཁན་མི་ཞིག་གིས། གསར་ཁང་དེའི་ནང་འཛུལ་ནས་མེ་མདའ་གང་བྱུང་བརྒྱབ་ནས་གསར་འགོད་པ་བཞི་དང་ལས་བྱེད་གཅིག་བསད་ཡོད་པའི་གནས་ཚུལ་བསྒྲགས་འདུག
སྙན་ཐོའི་ནང་རྒྱལ་ཁབ་དང་མངའ་ཁུལ་༡༨༠ ལ་ཞིབ་འཇུག་བྱས་པ་བརྒྱུད། གསར་འགོད་རང་དབང་ཡག་ཤོས་ཀྱི་རྒྱལ་ཁབ་ལྔ་ནི་ནོར་ཝེ། ཧྥེན་ལན་ཌ། སུ་ཝེ་ཌན། ནེ་ཐེར་ལན་ཌ། ཌན་མག་བཅས་དང་། སྡུག་ཤོས་ལྔ་ནི་ཊུག་མེན་ནིས་ཐན། བྱང་ཀོ་རི་ཡ། ཨི་རི་ཀྲེ་རི་ཡ། རྒྱ་ནག ཝི་ཏི་ནམ་བཅས་བང་རིམ་བཞིན་ཡིན་འདུག
སྙན་ཐོའི་ནང་རྒྱ་ནག་དེ་གསར་འགོད་རང་དབང་གི་ཨང་རིམ་ནང་ཨང་༡༧༧ ཡིན་པ་དང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གསར་འགྱུར་སྟངས་འཛིན་དང་དྲ་ཐོག་ནས་མི་སེར་རྣམས་ལ་ཞིབ་བཤེར་དོ་དམ་བྱེད་པའི་སྤྱི་ཚོགས་ཤིག་བཙན་དབང་ཐོག་ནས་བསྐྲུན་ཐུབ་ཡོད་པ་དང་། སྤྱི་ཚོགས་སྟངས་འཛིན་བྱེད་པའི་སྒྲོམ་གཞི་དེ་ཁོས་ཕྱིའི་རྒྱལ་ཁབ་ཁག་ལ་ཕྱི་འདྲེན་བྱེད་ཐབས་བྱེད་བཞིན་ཡོད་པ། དེ་བཞིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དང་སྒེར་གྱི་གསར་ཁང་བརྒྱུད་ལམ་རྣམས་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་ལ་ཡོད་ཁར། ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པ་རྣམས་རྒྱ་ནག་ལ་གསར་འགོད་ལས་རིགས་ལ་འཇུག་པར་གདོང་ལེན་བྱེད་དགོས་པའི་དཀའ་ངལ་མང་དུ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ནང་གསར་འགོད་པ་དང་དྲ་ཐོག་ཟིན་བྲིས་པ་༦༠ ལས་མང་བ་སྲོག་ལ་ཉེན་ཁ་ཡོད་པའི་གནས་སྟངས་འོག་བཀར་ཉར་བྱས་ཡོད་པ། དེ་བཞིན་དྲ་རྒྱ་སྟངས་འཛིན་གྱི་ཁྲིམས་དམ་དུ་བཏང་བའི་འོག མི་མང་གིས་གནས་ཚུལ་འདྲ་མིན་ཁྱབ་སྤེལ་བྱེད་པའམ་མཆན་འགོད་པ་སོགས་བྱས་ཚེ། བཙོན་འཇུག་ཡོང་བའི་ཉེན་ཁ་ཡོད་སྐོར་བརྗོད་འདུག
ལོ་སྔོན་མའི་སྙན་ཐོའི་ནང་ཧོང་ཀོང་ཨང་རིམ་༧༠ ཡིན་ཡང་འདི་ལོའི་སྙན་ཐོའི་ནང་མར་ཟགས་ནས་ཨང་རིམ་༧༣ པ་རེད་འདུག སྙན་ཐོའི་ནང་ཕྱི་ལོ་༢༠༤༩ ལོ་བར་དམིགས་བསལ་གྱི་གནས་བབ་འོག་སྡོད་རྒྱུ་ཡོད་པའི་ཧོང་ཀོང་མངའ་ཁུལ་ལ་རྒྱ་ནག་གི་གནོན་ཤུགས་དྲག་པོ་ལ་བརྟེན་ནས། མངའ་ཁུལ་དེའི་ནང་གསར་འགོད་རང་དབང་གི་གནས་སྟངས་ཉམས་རྒུད་ཕྱིན་ཡོད་པ་དང་། རྒྱ་ནག་གི་དགའ་མོས་མེད་པའི་ལས་རིམ་གཙོ་སྐྱོང་བྱས་རྐྱེན། ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པ་ཞིག་ཧོང་ཀོང་ནས་ཕྱིར་འབུད་བཏང་ཡོད་པ། དེ་བཞིན་ཧོང་ཀོང་ནང་གི་གསར་ཁང་ཕྱེད་ཀ་ལས་མང་བའི་བདག་པོ་རྣམས། རྒྱ་ནག་སྐམ་ས་ཆེན་མོའི་ནང་ཚོང་ལས་གཉེར་གྱི་ཡོད་ཁར། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཁག་གི་ཚོགས་མི་ཡིན་པ། དེ་བཞིན་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གི་འབྲེལ་ལམ་ལས་དོན་ཁང་གིས། ཧོང་ཀོང་ནང་གི་གསར་ཁང་ཁག་ཅིག་སྟངས་འཛིན་ཆ་ཚང་བྱེད་ཀྱི་ཡོད་ཁར། ཁག་ཅིག་སྟངས་འཛིན་ཕྱེད་ཀ་བྱེད་ཀྱི་ཡོད་སྐོར་བརྗོད་ནས། འོན་ཀྱང་མངའ་ཁུལ་དེར་རང་དབང་ཅན་གྱི་གསར་ཁང་ཁག་ཅིག་གིས་གནོན་ཤུགས་ལ་ཁ་གཏད་ཀྱིས་ལས་དོན་ལ་འཇུག་གི་ཡོད་པ་དང་། དེ་དག་འཚོ་གནས་ཐུབ་པའི་རྒྱུ་མཚན་ནི་མི་མང་གིས་ཞལ་འདེབས་སྤྲོད་ཀྱི་ཡོད་རྐྱེན་ཡིན་ཁར། གསར་ཁང་དེ་དག་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག ཕྱི་ལོ་༢༠༠༩ ལོར་སྙན་ཐོ་དེའི་ནང་ཧོང་ཀོང་ཨང་རིམ་༤༨ ཡིན་འདུག་པ་དང་། ཕྱི་ལོ་༢༠༡༩ ལོར་ཨང་རིམ་༧༣ ཡིན་པས། ལོ་བཅུ་ཡི་ནང་གསར་འགོད་རང་དབང་གི་ཨང་རིམ་༢༥ ཟགས་ཡོད་པས། ཉེ་བའི་ལོ་ཤས་ནང་ཧོང་ཀོང་ནང་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་གསར་འགོད་དང་མང་གཙོའི་རང་དབང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་གསལ་པོ་མཚོན་འདུག
དེ་བཞིན་རྒྱ་གར་ཨང་རིམ་༡༤༠ དང་བལ་ཡུལ་ཨང་རིམ་༡༠༦། ཨ་རི་ཨང་རིམ་༤༨། ཐའེ་ཝན་ཨང་རིམ་༤༢ རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།