འཛམ་གླིང་བོད་ཀྱི་ཉིན་མོ།

ལོ་ལྟར་ཕྱི་ཟླ་༧ ཚེས་༦ ཉིན་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པས། འཛམ་གླིང་གི་ས་ཕྱོགས་གང་ས་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་མཛད་རིམ་ཁག་ནི། བོད་པ་དང་བོད་པའི་འབྲེལ་ཡོད་རྣམས་ཀྱི་ངོས་ནས་ཡོངས་ཁྱབ་དང་གཅིག་གྱུར་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༥༩   ཕྱི་ལོ་ ༢༠༡༩/༧ /༡༠  

ལོ་ལྟར་ཕྱི་ཟླ་༧ ཚེས་༦ ཉིན་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པས། འཛམ་གླིང་གི་ས་ཕྱོགས་གང་ས་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་མཛད་རིམ་ཁག་ནི། བོད་པ་དང་བོད་པའི་འབྲེལ་ཡོད་རྣམས་ཀྱི་ངོས་ནས་ཡོངས་ཁྱབ་དང་གཅིག་གྱུར་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད། བོད་ནང་དུ་༧གོང་ས་མཆོག་གི་འཁྲུངས་སྐར་ལ་དམ་དྲག་ཆེན་པོ་ཡོད་པ་མ་ཟད། བལ་ཡུལ་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་ཀྱང་། མིའི་བསམ་བློའི་ནང་གི་དགའ་དད་སྤྲོ་གསུམ་ནི་བཙན་དབང་གིས་བཀག་ཐུབ་པ་ཞིག་གཏན་ནས་མིན་པ་དང་། དམ་དྲག་གི་ཐོག་ནས་དཀའ་ངལ་ག་ཚོད་འཕྲད་པ་དེའི་ཚོད་ཀྱིས་བསམ་བློའི་ནང་དུ་འཁྲུངས་སྐར་གྱི་རིན་ཐང་དང་དགའ་ཞེན་ཆེ་རུ་འགྲོ་རྒྱུ་ཡིན་པ་ནི་སྨྲོས་མ་དགོས་པ་རེད། བོད་པ་གནས་སྡོད་བྱེད་ཡུལ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མའི་ནང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ནི། བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་། མི་མང་འདུ་འཛོམས་སོགས་ཡོངས་ཁྱབ་ཆེ་ཤོས་ཀྱི་ཉིན་མོ་ཞིག་ཏུ་གྱུར་ཡོད། 

བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གཞིས་ཆགས་ཁག་ལ་མཚོན་ནའང་། ཕལ་ཆེ་བས་གཞུང་འབྲེལ་གྱི་མཛད་སྒོ་དང་། ཉིན་གཉིས་གསུམ་རེར་གཞས་སྣ་འཁྲབ་སྟོན་དང་རྩེད་རིགས་སྣ་ཚོགས་ལ་བརྟེན་ནས་དུས་སྟོན་བྱེད་བཞིན་ཡོད། སྤྱིར་ད་ལྟའི་དུས་ཚོད་ནི་ཐག་རིང་གི་མི་དང་འབྲེལ་བ་ཉེ་རུ་འགྲོ་ཞིང་། ཉེ་འགྲམ་གྱི་མི་དང་འབྲེལ་བ་ཆུང་དུ་འགྲོ་བའི་དུས་ཚོད་ཅིག་ཏུ་གྱུར་ཡོད་པ་དང་། སྔོན་མ་བརྙན་འཕྲིན་མ་དར་བའི་སྔོན་ལ་གྲོང་པ་ཁྱིམ་མཚེས་རྣམས་འཛོམས་ནས་ཕན་ཚུན་རྩེད་མོ་རྩེ་བ་དང་། གླེང་མོལ་བྱེད་པ་སོགས་ཧ་ཅང་མང་ཡང་། བརྙན་འཕྲིན་དར་ཁྱབ་ཆེ་རུ་སོང་བ་ནས་བཟུང་རིམ་པས་མི་ཚང་སོ་སོའི་ནང་དུ་འཛུལ་ནས་བརྙན་འཕྲིན་ལ་བལྟ་བ་ལས། གྲོང་པ་ཁྱིམ་མཚེས་དང་འབྲེལ་བ་ཆུང་དུ་སོང་ཡོད། དེའི་རྗེས་སུ་ལག་འཛིན་ཁ་པར་དང་ལྷག་པར་དུ་སྤྱོད་བདེའི་ཁ་པར་དར་བ་ནས་བཟུང་ནང་མི་ཕན་ཚུན་གྱི་བར་དུ་སྐད་ཆ་ཉུང་དུ་སོང་ནས། ནང་མི་རེ་རེ་བཞིན་ལག་འཛིན་ཁ་པར་ལ་མགོ་འཐོམས་པའི་སྐབས་སུ། འདི་ལྟ་བུའི་འདུ་འཛོམས་མང་པོ་དགོས་པ་ནི་གལ་ཆེ་ཤོས་སུ་གྱུར་ཡོད། 

འཁྲུངས་སྐར་དུས་སྟོན་གྱི་ཆེད་དུ་གཞས་སྣ་མང་པོ་འཁྲབ་སྦྱོང་བྱེད་ཀྱི་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་བོད་ཆས་གཟབ་སྤྲོས་རིགས་གྱོན་ཡུལ་གྱི་དུས་ཚོད་ཡོད་ན་མེད་ན་དེ་ཡང་འཁྲུངས་སྐར་དུས་སྟོན་ཡིན། གནས་ཡུལ་རྒྱལ་ཁབ་སོ་སོའི་དཔོན་རིགས་ཁག་ཀྱང་གདན་འདྲེན་ཞུ་བདེ་ཤོས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོའི་སྐབས་ཡིན་པས། འཁྲུངས་སྐར་དུས་ཆེན་ནི་སྤྱི་ཡོངས་ནས་འཛམ་གླིང་བོད་ཀྱི་ཉིན་མོ་ཞིག་ཏུ་གྱུར་ཡོད་པ་དང་། འདི་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་དར་སྤེལ། བོད་པ་ནང་ཁུལ་གྱི་མཐུན་ལམ། ཕྱིའི་རྒྱལ་ཁབ་ཁག་ཏུ་འཚར་ལོང་ཡོང་བའི་བོད་མི་ན་གཞོན་དག་ལ་རང་ཉིད་བོད་པ་ཡིན་པའི་འདུ་ཤེས་སྲ་བརྟན་དུ་གནས་ཐབས་སོགས་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཞོར་དུ་བོད་དོན་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཀྱང་འཛམ་གླིང་གི་ཁྱོན་ཡོངས་སུ་རང་བཞིན་ཤུགས་ཀྱིས་ཁྱབ་ཆེ་ཤོས་ཀྱི་ཉིན་མོ་ཞིག་ཏུ་གྱུར་ཡོད་པ་སོགས། ཧ་ཅང་གལ་ཆེ་བའི་འཛམ་གླིང་བོད་ཀྱི་ཉིན་མོ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་སྟོན་ཡིན། 

འཁྲུངས་སྐར་ཉིན་རང་ཉིད་མི་དགའ་སའི་མི་སུ་ཡིན་ཡང་འཁོན་ལན་སློག་པ་དང་ངོ་རྒོལ་བྱེད་པ་སོགས་མི་འོས་པ་དང་། འཁྲུངས་སྐར་སྐོར་༧གོང་ས་མཆོག་གིས། “ང་ལ་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་”ཞེས་གསུངས་པ་བཞིན། དུས་རྒྱུན་སེམས་པ་བཟང་པོ་མི་ཐུབ་པའི་དབང་དུ་བཏང་ཡང་། སྐུའི་འཁྲུངས་སྐར་ཉིན་གཅིག་པུར་གཞན་ལ་གནོད་སེམས་ཀྱི་ལས་འགུལ་རིགས་མ་འོངས་པར་གཏན་ནས་སྤེལ་མི་འོས་པ་ཞིག་རེད། ༧གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་ཡིན་ནའང་འདྲ། ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ཡིན་ནའང་འདྲ། གང་ལྟར་སྐུའི་འཁྲུངས་སྐར་གྱི་དུས་སྟོན་བེད་སྤྱོད་ལོག་པར་བཏང་ན། བོད་ཀྱི་ཆོས་དང་རིག་གནས། གཅིག་སྒྲིལ་སོགས་ཕྱོགས་གང་ཐད་ནས་གནོད་སྐྱོན་ཆེ་ཤོས་ཡིན་པས། བོད་པ་ཚང་མ་བདེ་སྐྱིད་མཉམ་གནས་ཀྱི་དུས་ཚོད་ཅིག་ཡིན་ན། འདུ་འདུ་འཛོམས་འཛོམས་དེ་ཧ་ཅང་གལ་ཆེན་པོ་མིན་སྲིད་ཀྱང་། བོད་པ་ཚང་མ་འཛམ་གླིང་ཤར་ནུབ་གང་སར་ཁ་འཐོར་ནས་གནས་ཡོད་པའི་སྐབས་སུ་འདི་ལྟ་བུའི་དུས་སྟོན་ནི་མེད་དུ་མི་རུང་བ་ཞིག་ཡིན།

མདོར་ན་ད་ལྟའི་ཆར་སྐུའི་འཁྲུངས་སྐར་ནི་བོད་ལ་མཚོན་ན་ཉིན་མོ་གལ་ཆེ་ཤོས་དང་། མི་མང་འདུ་འཛོམས་ཆེ་ཤོས་ཀྱི་ཉིན་མོ་ཞིག་ཏུ་གྱུར་ཡོད། བོད་ཀྱི་ལོ་སར་ལ་མཚོན་ནའང་དེང་སྐབས་སྔ་རྗེས་སྣ་ཚོགས་ཤིག་བྱེད་མཁན་དར་ཡོང་གི་ཡོད་པས་གཅིག་གྱུར་ཞིག་ཡོང་རྒྱུར་དཀའ་ངལ་ཡོད། ད་དུང་བོད་ཀྱི་ལོ་སར་ནི་ལོ་མགོ་ཚུགས་པ་ཙམ་ལས། དེའི་རྒྱབ་ལྗོངས་སུ་བོད་དང་འབྲེལ་བའི་ལོ་རྒྱུས་ཡིད་དབང་འཕྲོག་པ་ཞིག་མེད་པ་མ་ཟད། དེ་ནི་བོད་ལ་བཙན་འཛུལ་བྱེད་མཁན་གྱི་ཤུགས་རྐྱེན་ལས་བྱུང་བའི་ཉིན་མོ་ཞིག་ཀྱང་ཡིན་པས། བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་སོགས་སུ་བོད་ཟླ་ཞེས་མ་བྲིས་པར་ཧོར་ཟླ་ཞེས་བྲིས་པ་འདི་ལའང་རྒྱབ་ལྗོངས་ཆེན་པོ་ཡོད། གང་ལྟར་ད་ལྟའི་ཆར་ལོ་སར་ལ་གཅིག་གྱུར་དེ་ཙམ་མེད་ནའང་། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ནི་གཅིག་གྱུར་ཆེ་ཤོས་དང་། མི་མང་ཚང་མ་དགའ་མོས་དང་འབྲེལ་བའི་ཐོག་ནས་མ་བསྐུལ་དང་བླངས་ཀྱིས་མཉམ་ཞུགས་ཆེ་ཤོས་ཀྱི་ཉིན་མོ་ཞིག་ཏུ་གྱུར་ཡོད་པས། སྐུའི་འཁྲུངས་སྐར་ནི་འཛམ་གླིང་བོད་ཀྱི་ཉིན་མོ་རེད་ཅེས་བརྗོད་ན་དོན་ལ་གནས་པ་ཞིག་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།