འཛམ་གླིང་མི་མང་ལ་ཁྱེད་ཀྱི་མཛད་འཕྲིན་ནི་ཤིན་ཏུ་གལ་འགངས་ཆེ་ལ་མེད་དུ་མི་རུང་བ་ཞིག་ཡིན་ཞེས་ཞུས་སོང་།
ཐའེ་ཝན་གྱི་དད་ལྡན་སེར་སྐྱ་རྣམས་ཀྱིས་གསོལ་འདེབས་ཞུས་དོན་བཞིན། ཁ་སང་ཕྱི་ཚེས་༣༠ ཉིན་༧་གོང་ས་མཆོག་ནས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་ཚོ་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ་ཡོད་པ་རེད་ལ། དེ་རིང་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་ཞུས་གནང་སོང་།
དེ་ཡང་ཕྱི་ཚེས་༡ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་ཞུས་གནང་སོང་། དེ་བཞིན་ཁ་སང་ཕྱི་ཟླ་༩ ཚེས་༣༠ ཉིན་༧གོང་ས་མཆོག་ནས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ་ཡོད་པ་རེད། ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་སྐབས་སུ་ཐའེ་ཝན་གྱི་མི་རིགས་ཡིན་པའི་ཨ་རི་དང་སེང་གྷ་པུར་སོགས་སུ་གནས་སྡོད་བྱེད་མཁན་ཡང་མང་པོ་ཕེབས་འདུག་ལ། ཐེངས་འདིར་ཐའེ་ཝན་རང་གི་དད་ལྡན་ཆོས་ཞུ་བ་ཁྱོན་༡༢༢༠ ཙམ་ཕེབས་ཡོད་པ་གོ་སྒྲིག་ཚོགས་ཆུང་ནས་གསུང་གི་འདུག་ལ། དེ་བཞིན་ཐའེ་ཝན་རྒྱལ་སྤྱིའི་བོད་རྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཧུའུ་མའོ་ཧྭ་ཟེར་བ་ཁོང་གིས་བརྟན་བཞུགས་དང་འབྲེལ་བའི་༧གོང་ས་མཆོག་ལ་ཕྱག་ཡིག་གཅིག་ཕུལ་སོང་། ཕྱག་ཡིག་དེའི་ནང་གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་།། འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི།། བླ་མ་མཆོག་དང་སྤྱན་རང་གཟིགས་མགོན་ལ།། རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།། ཞེས་གུས་ཕྱག་སྔོན་དུ་ཕུལ་ཏེ། ལོ་ངོ་དྲུག་བརྒྱ་ལྷག་གི་ཡར་སྔོན་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་འཇིག་རྟེན་དུ་ཕེབས་ནས། འདུལ་ཁྲིམས་ཀྱི་བསྟན་པའི་ཐོག་ལམ་ཀྱི་རིམ་པ་རྣམ་གསུམ་གྱི་ཕྱག་ལེན་གསལ་སྟོན་མཛད་ཅིང་། དེ་བཞིན་༧སྐྱབས་མགོན་༧ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་ཐུབ་པ་དེས་གངས་ལྗོངས་བོད་འབངས་རྣམས་ལ་ཕན་བདེ་བསྒྲུབས་པ་ཙམ་དུ་མ་ཟད། དམ་པའི་ཆོས་འདི་དར་ཞིང་རྒྱས་པར་མཛད་པའི་འཕྲིན་ལས་བླ་ན་མེད་པར་བྱུང་ཡོད།
དེང་དུས་མི་སེམས་ལ་ཞི་བདེ་བྲལ་ཞིང་། སྤྱི་ཚོགས་རྙོག་འཛིང་ཆེ་བའི་སྐབས་སུ་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉིད་ཀྱིས་དམིགས་སུ་བཀར་ཏེ། བྱམས་པ་དང་བརྩེ་བ། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ལྟ་བུའི་གདུལ་བྱའི་མོས་ཁམས་དང་འཚམ་པའི་ཐབས་མཁས་པའི་སློབ་སྟོན་གནང་བ་ལ་བརྟེན་ནས། དད་ལྡན་རྣམས་ཀྱི་ཆོས་ཀྱི་གོ་རྟོགས་འཕེལ་ཞིང་དད་པ་ཇེ་བརྟན་དུ་གྱུར་བ་མ་ཟད། ཆོས་དད་མེད་མཁན་ཚོ་ལའང་དགའ་སྤྲོ་དང་མོས་པ་བསྐྱེད་ཐུབ་པ་བྱུང་ཡོད། ༧མགོན་པོ་མཆོག་ནས་འདས་པའི་མི་ལོ་དྲུག་ཅུ་ལྷག་ལ་སྐུ་ངལ་འཛེམས་མེད་ཀྱིས་གསུང་ཆོས་ཡང་དང་ཡང་དུ་གནང་བ་ལ་བརྟེན་ནས། དུས་རབས་འདིར་རང་ཅག་རྒྱ་རིགས་དད་ལྡན་སློབ་འབངས་ཀུན་ལ་བོད་རྒྱུད་ནང་བསྟན་དང་འབྲེལ་བ་དམིགས་བསལ་བྱུང་བ་དང་ཆབས་གཅིག ནང་ཆོས་ཀྱི་གོ་རྟོགས་དང་ནང་སེམས་ཀྱི་ཞི་བདེ་གོང་མཐོར་ཕྱིན་པ་མ་ཟད། ཚེ་སྲོག་གི་རིན་ཐང་ངོ་འཕྲོད་པ་བྱུང་ཡོད། ལྷག་པར་དུ་༧གོང་ས་མཆོག་གང་ཉིད་ཐའེ་ཝན་ལ་ཐེངས་གསུམ་ཆིབས་བསྒྱུར་གནང་སྟེ། ཐོག་མར་ཕྱི་ལོ་༡༩༩༧ ལོར་ཐའེ་ཝན་དུ་ཕེབས་ནས་དད་ལྡན་མི་མང་ལ་བཀའ་ཆོས་དང་བཀའ་དབང་བསྩལ་པ། བགྲོ་གླེང་དང་གསུང་བཤད་གནང་བ། རྗེས་སུ་ཡང་རང་བྱུང་ཁམས་ཀྱི་གོད་ཆག་ཕོག་པའི་མི་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཀྱི་བཀའ་སློབ་གནང་བ་སོགས་ཀྱི་བཀའ་དྲིན་ནི་དུས་ཀྱི་མཐར་ཡང་གཞལ་དུ་མེད། དེས་ན་ཏཱ་ལའི་བླ་མ་ཞེས་པའི་མཚན་འདི་མཚན་གནང་ཙམ་ཞིག་མ་ཡིན་པར། འདི་ནི་བརྩེ་བ་དང་ཞི་བདེའི་མཚོན་རྟགས་ཡིན་ལ། ༧གོང་ས་མཆོག་ཁྱེད་ཉིད་བོད་མི་རིགས་ཀྱི་བླ་སྲོག་ཀ་བ་ཡིན་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་རྣམས་ཀྱི་གཙུག་རྒྱན་ཡིན། འཛམ་གླིང་སྤྱི་ཡོངས་ལ་མཚོན་ན། ཁྱེད་ནི་སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཡིན་པས། བོད་མི་རིགས་དང་། སངས་རྒྱས་པའི་ཆོས། འཛམ་གླིང་མི་མང་ལ་ཁྱེད་ཀྱི་མཛད་འཕྲིན་ནི་ཤིན་ཏུ་གལ་འགངས་ཆེ་ལ་མེད་དུ་མི་རུང་བ་ཞིག་ཡིན།
༧མགོན་པོ་མཆོག་ནས་ཕྱི་ལོ་༢༠༡༦ ཟླ་༡་ཚེས་༢ ཉིན་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པར་གསུང་ཆོས་གནང་སྐབས་སུ། ང་ཚོ་རྒྱ་གར་བྲོས་བྱོལ་དུ་ཐོག་མར་འབྱོར་སྐབས། ངོ་ཤེས་པ་ས་དང་གནམ་ལས་མེད་ཀྱང་། ཚང་མས་མཉམ་རུབ་བྱས་པར་བརྟེན་གྲུབ་འབྲས་ཡག་པོ་ཐོན་སོང་། ཞེས་གསུངས་པའི་བཀའ་སློབ་དེས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། གཟིགས་རྒྱང་རིང་ཞིང་འགྲོ་བ་ཀུན་ལ་ཕན་བདེ་བསྒྲུབ་པའི་སེམས་དཔའ་ཆེན་པོ་༧གོང་ས་མཆོག་སྐུ་ཉིད་ཀྱི་རླབས་ཆེན་གྱི་དབུ་ཁྲིད་མེད་ན། དེང་དུས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཡོངས་ལ་དར་ཁྱབ་ཆེན་པོ་འདི་ལྟ་བུ་གཏན་ནས་འབྱུང་མི་སྲིད་པས། དེ་ལྟར་བསམ་ཞིང་བསམས་ན། ༧རྒྱལ་དབང་ཉིད་ཀྱི་བཀའ་དྲིན་ནི་བསམ་བརྗོད་ལས་འདས། འདིར་གུས་པ་རྒྱ་རིགས་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་༧མགོན་པོ་མཆོག་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་ཞིང་། ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་གསོལ་བ་ཤུགས་དྲག་འདེབས་རྒྱུ་མ་ཟད། བསྟན་དང་འགྲོ་བའི་དོན་དུ་སྔར་ནས་ད་ལྟའི་བར་རྒྱུན་མ་ཆད་པ་བཞིན་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པ་རྒྱུད་མཐུན་ཀྱིས་མ་འོངས་པའི་སེམས་ཅན་རྣམས་བླ་མ་སྤྱན་རས་གཟིགས་དབང་ལ་དངོས་སུ་མཇལ་རྒྱུ་ཡོད་པ་དང་། ཆོས་དང་བྱིན་རླབས་ཞུ་རྒྱུ་ཡོད་པ་ཞིག་ཅིས་ཀྱང་དགོས་པའི་གསོལ་བ་ཤུགས་དྲག་འདེབས་བཞིན་ལགས་ཞེས་བྲིས་གནང་འདུག
དེ་བཞིན་བརྟན་བཞུགས་བསྟར་འབུལ་སྐབས་སུ་༧་གོང་ས་མཆོག་ནས་དེ་རིང་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོས་ལྷག་བསམ་རྣམ་པར་དག་པའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་རེད། ངས་དུས་རྟག་ཏུ་རྨི་ལམ་རྒྱག་ཡས་ལ་རྒྱ་བོད་ཧོར་གསུམ་ལ་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཐབས་ལ་ངའི་ངོས་ནས་འབད་རྩོན་བྱེད་ཀྱི་ཡིན་ལ། རྨི་ལམ་ཡང་རྒྱག་གི་ཡིན། དེ་ཡང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་གོང་འཕེལ་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས་གནང་སོང་ལ། དེ་བཞིན་༧མགོན་པོ་གང་ཉིད་མཆོག་མ་འོངས་པར་དགུང་གྲངས་བརྒྱ་དང་བཅུ་གྲངས་འགའ་ཤས་བཞུགས་རྒྱུའི་རེ་བ་ཡོད་པར་གསུངས་སོང་། ད་དུང་དེང་གི་དུས་སུ་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཁྲོད་དུ་ཡོད་པའི་སེམས་ཁམས་རིག་པའི་སྐོར་ཀྱི་རྣམ་གཞག་རྣམས་ཚན་རིག་པ་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན། རིན་པོ་ཆེ་ཁོང་ནི་ཚན་རིག་པ་ཐུག་དུས་ཚན་རིག་པ་ཡིན་ལ། ཆོས་པ་ཐུག་དུས་ཆོས་པ་ཡིན་ཞེས་གསུངས་སོང་།
གསར་འགོད་པ། བསོད་ནམས་ཕུན་ཚོགས།