འཛམ་གླིང་རྐང་སྤོལ་རྩེད་འགྲན་འགོ་བཙུགས་སོང་།
ཟླ་༡༡ པའི་ཚེས་༢༠ ཉིན་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐེངས་༢༢ པ་དེ་ཨ་རབ་རྒྱལ་ཁབ་ཁཱ་ཊར་དུ་འགོ་བཙུགས་སོང་བ་དང་། ཐེངས་འདིའི་རྩེད་འགྲན་ནང་དུ་རུ་ཁག་༣༢ ཡོད་པ་རེད་འདུག
ཟླ་༡༡ པའི་ཚེས་༢༠ ཉིན་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐེངས་༢༢ པ་དེ་ཨ་རབ་རྒྱལ་ཁབ་ཁཱ་ཊར་དུ་འགོ་བཙུགས་སོང་བ་དང་། ཐེངས་འདིའི་རྩེད་འགྲན་ནང་དུ་རུ་ཁག་༣༢ ཡོད་པ་རེད་འདུག
ཟླ་༡༡ པའི་ཚེས་༢༠ ནས་ཟླ་༡༢ པའི་ཚེས་༡༨ བར་རྩེད་འགྲན་གོ་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཁ་ཆེའི་རྒྱལ་ཁབ་ཅིག་ལ་རྒྱལ་སྤྱིའི་ནང་དགའ་མོས་ཆེ་ཤོས་བྱེད་ཡུལ་གྱི་རྩེད་འགྲན་དེ་གོ་སྒྲིག་བྱས་པ་ཐེངས་དང་པོ་ཡིན་འདུག
རྩེད་འགྲན་གྱི་ཐོག་མར་རྩེད་འགྲན་གོ་སྒྲིག་བྱེད་མཁན་ཁཱ་ཊར་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨཱི་ཁོ་ཌར་གཉིས་བར་འགྲན་སྡུར་བྱས་ཏེ་མཐའ་མའི་གྲུབ་དོན་དུ། ཨཱི་ཁོ་ཌར་གྱིས་སྤོ་ལོ་གཉིས་བླུགས་ནས་རྒྱལ་ཁ་ཐོབ་སོང་བས། རྩེད་འགྲན་གྱི་ལོ་རྒྱུས་ནང་དུ་རྩེད་འགྲན་གོ་སྒྲིག་བྱེད་མཁན་གྱི་རུ་ཁག་ལ་སྒོ་འབྱེད་ཀྱི་འགྲན་སྡུར་ནང་ཕམ་ཁ་བྱུང་བ་ཐོག་མ་ཡིན་འདུག
ཐེངས་འདིའི་རྩེད་འགྲན་ནང་དུ་ད་བར་རྐང་སྤོལ་གྱི་ལོ་རྒྱུས་ནང་དུ་རྐང་སྤོལ་རྩེད་མོ་བ་རྩེ་ཕུད་དུ་ངོས་འཛིན་བྱེད་ཡུལ་རཱོ་ནལ་ཌོ་དང་མཱེ་སཱི་གཉིས་ཀྱང་མཉམ་ཞུགས་བྱེད་ཀྱི་ཡོད་ཁར། ཁོ་གཉིས་ཀྱི་ལོ་ནའི་བབ་ཀྱི་ཆ་ནས་འཛམ་གླིང་རྐང་སྤོལ་རྩེད་འགྲན་དུ་མཉམ་ཞུགས་བྱེད་པ་མཐའ་མ་དེ་ཆགས་ཀྱི་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
སྤྱིར་བཏང་ཐེངས་འདིའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་གོ་སྒྲིག་བྱེད་པའི་གོ་སྐབས་དེ་ཁཱ་ཊར་ལ་རིན་གོང་འགྲན་རྩོད་ཐོག་ནས་ཐོབ་ཡོད་ཀྱང་། རྒྱལ་ཁབ་དེར་མཚན་མཐུན་དགའ་རོགས་བྱེད་མཁན་རྣམས་ལ་དབྱེ་འབྱེད། རྩེད་འགྲན་ཆེད་དུ་རྩེད་ར་བཟོ་སྐྲུན་སྐབས་སུ་ཕྱི་ལོགས་ནས་སླེབས་པའི་ངལ་རྩོལ་བ་ཚོར་གླ་ཆ་ཉུང་ཉུང་དང་ཆ་རྐྱེན་ཞན་པོ་ཡོད་པ། ངལ་རྩོལ་བ་མང་པོ་ཞིག་ཆ་རྐྱེན་སོགས་ལ་བརྟེན་ནས་གྲོངས་ཡོད་པ། རྒྱལ་ཁབ་དེའི་འགྲོ་བ་མིའི་ཐོབ་ཐང་ལོ་རྒྱུས་ཡག་པོ་མེད་པ་སོགས་ལ་བརྟེན་ནས་སྐྱོན་བརྗོད་བྱེད་མཁན་མང་དག་ཅིག་ཡོད་པ་རེད་འདུག དེ་བཞིན་མང་པོ་ཞིག་གིས་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱིས་ལྐོག་དངུལ་ཆེན་པོ་བླངས་ནས་ཁཱ་ཊར་ལ་རྩེད་འགྲན་གོ་སྒྲིག་བྱེད་པའི་ཐོབ་ཐང་སྤྲད་ཡོད་པའི་དོགས་སློང་ཡང་བྱེད་བཞིན་ཡོད་འདུག
རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ལ་ཐེངས་འདིའི་རྩེད་འགྲན་འགོ་འཛུགས་མ་བྱས་པའི་སྔོན་ལ་རྩེད་འགྲན་དང་འབྲེལ་བའི་ཁྱབ་བསྒྲགས་སོགས་ཀྱི་གྲོས་མཐུན་ལས་ཨ་སྒོར་ཐེར་འབུམ་༧.༥ ཡོང་འབབ་བྱུང་འདུག་པ་དང་། དེ་ནི་ཕྱི་ལོ་༢༠༡༨ ལོར་ཨུ་རུ་སུར་འཛམ་གླིང་རྐང་སྤོལ་རྩེད་འགྲན་གོ་སྒྲིག་བྱས་པ་དང་བསྡུར་ན་ཐེར་འབུམ་གཅིག་མང་བ་ཡིན་འདུག དེ་བཞིན་ཐེངས་འདིའི་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་མཁན་རུ་ཁག་དེ་ཨ་སྒོར་ས་ཡ་༤༤ ཐོབ་རྒྱུ་རེད་འདུག
རྩེད་འགྲན་ནང་དུ་ཚུད་མཁན་རྒྱལ་ཁབ་༣༢ ཁོངས་ནས་རུ་ཁག་༢༤ ཡིས་སྐབས་སྔོན་མར་ཕྱི་ལོ་༢༠༡༨ ལོའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ནང་དུ་མཉམ་ཞུགས་བྱེད་མྱོང་འདུག དེ་བཞིན་ཁེ་ན་ཌ་རུ་ཁག་དེ་མི་ལོ་༣༦ ཡི་རྗེས་སུ་ཐེངས་དང་པོར་རྩེད་འགྲན་ནང་དུ་ཚུད་ཡོད་ཁར། ཝེལ་སཱེ་རུ་ཁག་དེ་ཡང་མི་ལོ་༦༤ ཡི་རྗེས་སུ་ཐེངས་དང་པོར་རྩེད་འགྲན་ནང་ཚུད་ཡོད་པ་རེད་འདུག ཧང་སངས་དགོས་པ་ཞིག་ལ་ད་བར་འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་ཐེངས་བཞི་བླངས་མྱོང་མཁན་ཨི་ཊ་ལི་རུ་ཁག་དེ་སྐབས་སྔོན་མའི་རྩེད་འགྲན་ལྟར་ཐེངས་འདིར་ཡང་རྩེད་འགྲན་ནང་ཚུད་ཐུབ་མེད་འདུག
འཛམ་གླིང་རྐང་སྤོལ་རྩེད་འགྲན་དེ་ནི་དངོས་སུ་ལྟད་མོ་བལྟ་བར་ཡོང་མཁན་དང་བརྙན་འཕྲིན། དྲ་ཐོག་སོགས་ནས་བལྟ་མཁན་མི་གྲངས་ཐེར་འབུམ་མང་པོ་ཡོད་འདུག་པས། རྒྱལ་སྤྱིའི་ནང་རྩེད་འགྲན་ཞིག་ལ་བལྟ་མཁན་མང་ཤོས་དེ་ངོས་འཛིན་བྱེད་བཞིན་འདུག
ཕྱི་ལོ་༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་དེ་ཨ་རི་དང་ཁེ་ན་ཌ། མེག་སི་ཁོ་བཅས་གསུམ་དུ་གོ་སྒྲིག་བྱེད་འཆར་ཡོད་ཁར། སྐབས་དེར་རུ་ཁག་༤༨ ཀྱི་ས་མིག་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།