འཛམ་གླིང་རྒྱལ་ཁབ་གང་སར་ནས་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཐེངས་༦༠ པ་སྲུང་བརྩི་རྒྱ་ཆེར་ཞུས།
རྒྱ་དམར་གཞུང་གི་བཙན་འཛུལ་ལ་འགོག་རྒོལ་ཆེད་མདོ་དབུས་ཁམས་གསུམ་གྱི་བོད་མིས་ཕྱི་ལོ་༡༩༥༩ ཟླ ༣ པའི་༡༠ ཉིན་རང་དབང་སྒེར་ལངས་བྱས་ཏེ་ད་བར་ལོ་ངོ་༦༠ འཁོར་བའི་ཉིན་མོར་འཛམ་གླིང་གི་རྒྱལ་ཁབ་གང་སར་དུ་གནས་སྡོད་བྱེད་བཞིན་པའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་མཉམ་སྦྲེལ་རྒྱལ་ཁབ་དང་རྒྱ་མིའི་གཞུང་ཚབ་སོགས་ཀྱི་མདུན་དུ་ཚོར་ཤུགས་ཆེན་པོས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།
ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་མོར་མདོ་དབུས་ཁམས་གསུམ་གྱི་བོད་མི་སྐྱ་སེར་དང་རྒན་གཞོན་དབྱེར་མེད་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ཐོག་རྒྱ་ནག་དམར་པོའི་གཞུང་གིས་བོད་ས་བཙན་བཟུང་དང་། བོད་མི་རྡུང་རྡེག་དང་དམར་གསོད། རིག་གཞུང་རྩ་གཏོར་དང་༧གོང་ས་མཆོག་གི་སྐུ་དབང་ལ་ཐེ་བྱུས་བྱེད་པ་སོགས་ཀྱི་བྱ་འགུལ་ཤུགས་ཆེ་རུ་
སོང་བ་དང་བསྟུན་བོད་མདོ་དབུས་ཁམས་གསུམ་གྱི་བོད་མིས་རྒྱ་དམར་འགོག་རྒོལ་དང་༧གོང་ས་མཆོག་གི་སྐུ་ཕྱ་སྲུང་སྐྱོབ་སོགས་ཀྱི་དོན་དུ་བོད་མིའི་རང་དབང་གི་སྒེར་ལངས་ཆེན་མོ་བྱས་པའི་ཉིན་ནས་བཟུང་། དེ་རིང་ཡན་གྱི་ལོ་ངོ་༦༠ ནང་དུ་རྒྱ་དམར་གྱིས་བོད་ལ་དམ་དྲག་ཇེ་ཆེར་བཏང་སྟེ་མིང་བྱང་ཆེན་པོ་བཞི་གཙོ་བོར་བྱས་པའི་ཐོག་ནས་དགོན་སྡེ་གཏོར་བཤིག རིག་གཞུང་རྩ་གཏོར། རྒྱ་ཡི་མི་སེར་དར་སྤེལ། བོད་མི་མང་པོའི་ཚེ་སྲོག་འཕྲོགས་པ། རྨས་པ། བཙོན་དུ་བཅུག་པ། རྡུང་རྡེག་མནར་གཅོད་གཏོང་བ་སོགས་ཀྱིས་མཚོན་ལྷ་ལྡན་ཆོས་ཀྱི་ཞིང་དུ་འཇིགས་སུ་རུང་བའི་དུར་ས་ཞིག་ཏུ་བསྒྱུར་བའི་ཉི་མ་ནག་པོ་དེ་དག་རྗེས་སུ་དྲན་སླད་ལོ་ལྟར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པ་བཞིན། ལྷག་ཏུ་ད་ལོའི་དུས་འདིར་རྒྱ་མིས་བོད་ས་ཡོངས་བཙན་བཟུང་བྱས་ནས་ལོ་༦༠ འཁོར་བའམ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༠ པ་འཁོར་བའི་ཉིན་མོ་ཡིན་པར་བརྟེན། བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་མི་མང་འདུ་འཛོམས་ཧ་ཅང་ཆེན་པོས་ཨ་རི་དང་ཁེ་ཎ་ཊ། ཡོ་རོབ་ནང་གི་བོད་པ་ཡོད་སའི་རྒྱལ་ཁབ་ཁག གཞན་ཡང་ཐེ་ཝན་དང་ཉི་ཧོང་། དེ་བཞིན་ཨོ་སི་ཏྲོ་ལི་ཡ་དང་རྒྱ་གར་སོགས་འཛམ་གླིང་གི་རྒྱལ་ཁབ་གང་སར་དུ་ཡོད་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་མཉམ་སྦྲེལ་རྒྱལ་ཁབ་དང་རྒྱ་མིའི་གཞུང་ཚབ། གཞན་ཡང་ས་གནས་སོ་སོའི་གནད་ཡོད་ས་ཚིགས་ཁག་ཏུ་བོད་པ་ཚོས་ཞི་རྒོལ་གྱི་འབོད་སྒྲ་ཕྱོགས་བཞི་མཚམས་བརྒྱད་ཀུན་ནས་བསྒྲགས་ཏེ་ལོ་ངོ་༦༠ དུས་དྲན་སྲུང་བརྩི་རྒྱ་ཆེར་ཞུས་ཡོད་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་མཉམ་སྦྲེལ་རྒྱལ་ཁབ་ཀྱི་ལས་ཁུངས་མདུན་སོགས་ལ་ཉིན་གསུམ་གྱི་རིང་ཞི་བའི་ངོ་རྒོལ་ཤུགས་ཆེར་བྱ་རྒྱུ་བཅས་ཡིན་པ་རེད།
གཞན་ཡང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སའི་ནང་གི་གྲོང་སྡེའི་ཚོགས་ཁང་ ༧༠༠ ལྷག་དང་། ཕ་རན་སིའི་ས་གནས་གྲོང་སྡེ་ལྷན་ཁང་ ༡༠༠ ལྷག་དེ་བཞིན་དབྱིན་ཡུལ་སོགས་ཡོ་རོབ་རྒྱལ་ཁབ་ཁག་གི་ས་གནས་གྲོང་སྡེའི་ལྷན་ཁང་ཐོག་བོད་ཀྱི་རྒྱལ་དར་༡༠༠༠ ཡས་མས་སྒྲེང་འཛུགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།