འཛམ་གླིང་ས་ཕྱོགས་གང་སར་ནས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི། 

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

ལོ་རེའི་ཕྱི་ཟླ་༧ ཚེས་ ༦ ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཡིན་པ་བཞིན། འཛམ་གླིང་གི་ཡུལ་གྲུ་གང་སར་ནས་བོད་རིགས་རྣམས་གཙོ་བོར་བྱས་པས་འཁྲུངས་སྐར་སྲུང་བརྩི་གཟས་རྒྱས་ཞུས་ཡོད་ལ། རྒྱ་གཞུང་གི་བཙན་འོག་ཏུ་ཡོད་པའི་བོད་མི་མང་པོས་སྐད་འཕྲིན་སོགས་བརྒྱུད་ལམ་ཁག་ནས་སྙན་ངག་དང་སྨོན་ཚིག་སོགས་ཀྱིས་སྐུའི་འཁྲུངས་སྐར་བསུ་བཞིན་པ་མཐོང་རྒྱུ་འདུག་ལ། ཤྲཱི་ལངྒའི་ནང་དུའང་རྒྱ་གཞུང་གིས་གཞུང་ཚབ་བརྒྱུད་ནས་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར་ནང་པའི་དགེ་འདུན་པ་དང་གནད་ཡོད་མི་སྣ་མང་པོ་འཛོམས་ཏེ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། སྐུའི་འཁྲུངས་སྐར་དང་བསྟུན་བདག་ཅག་གི་སྟོན་པའི་སྐུ་བརྙན་བཞུགས་པའི་ལྷ་ཁང་ཞིག་ཀྱང་དབུ་འབྱེད་གནང་ཡོད་འདུག དེ་བཞིན་འཛམ་གླིང་གི་དབུ་ཁྲིད་མང་པོ་ཞིག་གིས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་ཤིས་ཚིག་ཕུལ་ཡོད་པ་རེད།

གཞན་ཡང་ལོ་ཤས་རིང་བལ་ཡུལ་དུ་རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ནས་སྐུའི་འཁྲུངས་སྐར་ལ་དམག་མི་བཀྲམས་པ་སོགས་དམ་དྲག་གིས་མི་མང་འདུ་འཛོམས་བྱེད་བཅུག་མེད་ཀྱང་། འདི་ལོའི་འཁྲུངས་སྐར་དེ་རྙོག་གྲ་གང་ཡང་མེད་པའི་ཐོག་བལ་ཡུལ་མཆོད་རྟེན་གྱི་ཉེ་འཁོར་ཡོལ་མོ་དགོན་དུ། བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱིས་དབུ་ཁྲིད་པའི་ཀཐཱ་མན་གྲུ་རྒྱལ་བའི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་ནས་ཐབས་ཤེས་ཡོད་དགུས་ཡར་མར་འབྲེལ་ཏེ་གོ་སྒྲིག་གནང་བ་ལས་གཞུང་འབྲེལ་གྱིས་སྲུང་བརྩི་གཟབ་རྒྱས་ཞུ་ཐུབ་ཡོད་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་དང་། དམིགས་གསལ་སྐུ་མགྲོན་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ། བསམ་གཏན་གླིང་དང་ཤེལ་ཆོས་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་པའི་མཁན་སྤྲུལ་དང་བཙུན་པ་དང་བཙུན་མའི་སྡེ། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ལས་ཐོག སྤྱི་ཟུར་རྣམས། ས་འཐུས་ཚོགས་གཙོ་ཁག་དང་། ས་གནས་འགོ་འཛིན་ཁག གཞུང་ཞབས་ཟུར་པ་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་ཚོགས་གཙོ། གཞུང་དང་གཞུང་ཁོངས་མ་ཡིན་པའི་སྡེ་ཚན་ཁག དེ་བཞིན་དགོན་པ་གྲྭ་ཚང་། ཚོགས་སྐྱིད་ཁག་གི་འགན་འཛིན། ལྷག་པར་དུ་བལ་ཡུལ་ནང་གི་ཕྱི་རྒྱལ་གཞུང་ཚབ་ཁག་ནས་ཕེབས་པའི་ཨ་རི་དང་སུད་སི། ཡོ་རོབ། ཨོ་སི་ཁྲུ་ལི་ཡ་སོགས་ཀྱི་གཞུང་ཚབ་ཆེན་མོ་གཙོས་པའི་གནད་ཡོད་མི་སྣ་དང་། བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་དང་ཧི་མ་ལ་ཡའི་མི་རིགས་ཁག་བཅས་སེར་སྐྱ་སྟོང་ཕྲག་གཉིས་ལས་བརྒལ་བ་མཉམ་འཛོམས་བྱུང་སྟེ། ༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་དང་མཇལ་ཁ་སོགས་གྲུབ་རྗེས། འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་ཁག་དང་།  དེ་བཞིན་བལ་ཡུལ་ཏྲེ་ཧོར་སྐྱིད་སྡུག་ནས་གཡག་དང་གངས་སེང་འཁྲབ་སྟོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་གཏོགས་པའི་མཐོ་འབྲིང་དམའ་གསུམ་སློབ་གྲྭ་ཁག་བཞི་ནས་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་གཞས་སྣ་ཁག་འཁྲབ་སྟོན། དེ་བཞིན་བལ་ཡུལ་བོད་ཀྱི་ལྷ་མོ་བས་རས་པ་སོགས་འཁྲབ་པ་དང་། གཞན་ཡང་གླུ་གར་བྲོ་གསུམ་གྱི་མཆོད་པ་ཕུལ་ཏེ་འཁྲུངས་སྐར་གྱི་མཛད་སྒོ་ལེགས་གྲུབ་བྱུང་འདུག་པ་དང་།  ཉིན་གཉིས་པར་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པས་ལྷ་གཞུང་བྲམ་ཟེའི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར་འཁྲབ་སྟོན་ཉིན་འཁྱོངས་གཟིགས་འབུལ་ཞུས་ཡོད་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།