འཛིན་རིམ་བཅུ་གཉིས་ཀྱི་སྤྱི་ཡོངས་རྒྱུགས་འཕྲོད་བརྒྱ་ཆ་འཕར་ཡོད་འདུག

ཕྱི་ལོ་༢༠༡༩ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་སུ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་སློབ་ཕྲུག་ཚོའི་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ལོ་སྔོན་མ་ལས་བརྒྱ་ཆ་༡.༤༤ ཡིས་འཕར་ཡོད་འདུག་པ་དང་། དེ་བཞིན་ལོ་སྔོན་མ་དང་བསྡུར་ནས་བསྐྱར་རྒྱུགས་གཏོང་དགོས་མཁན་དང་ཡིག་རྒྱུགས་མ་འཕྲོད་མཁན་གྱི་སློབ་ཕྲུག་གྲངས་ཀྱང་ཉུང་དུ་ཕྱིན་འདུག

འདི་ལོའི་ཟླ་༢ པའི་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་༡༧ ནས་སློབ་ཕྲུག་གྲངས་༡༡༣༣ གྱིས། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་བཏང་འདུག་པ་དང་། ཟླ་༥ པའི་ཚེས་༢ ཉིན་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཕྱིར་ཐོན་ཡོད་འདུག

དེ་ཡང་སློབ་ཕྲུག་༡༡༣༣ ནས་༡༡༠༠ ཡིག་རྒྱུགས་འཕྲོད་འདུག་པ་དང་། སློབ་ཕྲུག་གྲངས་༢༨ བསྐྱར་རྒྱུགས་གཏོང་དགོས་ཀྱི་ཡོད་ཁར། སློབ་ཕྲུག་གྲངས་༥ ཡིག་རྒྱུགས་འཕྲོད་མེད་པ་རེད་འདུག ལོ་སྔོན་མར་བསྐྱར་རྒྱུགས་གཏོང་དགོས་མཁན་སློབ་ཕྲུག་གྲངས་༤༢ འདུག་པས། འདི་ལོར་སློབ་ཕྲུག་གྲངས་༡༤ ཡིས་ཉུང་དུ་ཕྱིན་ཡོད་ཁར། ལོ་སྔོན་མར་ཡིག་རྒྱུགས་མ་འཕྲོད་མཁན་སློབ་ཕྲུག་གྲངས་༡༡ འདུག་པས་འདི་ལོར་སློབ་ཕྲུག་གྲངས་༦ ཡིས་ཉུང་དུ་ཕྱིན་ཡོད་འདུག དེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་༩༧ ཡིན་འདུག་པས། ལོ་སྔོན་མའི་བརྒྱ་ཆ་༩༥.༥༦ དང་བསྡུར་ན་འདི་ལོར་བརྒྱ་ཆ་༡.༤༤ ཡིས་འཕར་འདུག

ཡིག་རྒྱུགས་ནང་ཞུགས་མཁན་སློབ་ཕྲུག་ཚང་མ་ཡིག་རྒྱུགས་འཕྲོད་པའི་སློབ་གྲྭ་ཁག་ནི་སེ་ལ་ཀུ་བོད་ཁྱིམ་དང་། སུ་ཇ་བོད་ཁྱིམ་སློབ་གྲྭ སྦེལ་ཀོབ་སམ་བྷོ་ཊ་སློབ་གྲྭ མཱ་སུ་རི་བོད་ཁྱིམ་སློབ་གྲྭ རྡ་སྟེང་བོད་ཁྱིམ་སློབ་གྲྭ ཀ་ལིམ་སྤོང་དབུས་བོད་སློབ། སྤོན་ཊ་བསམ་བྷོ་ཊ་གཏན་སློབ། དོན་གྲུབ་གླིང་བོད་མིའི་སློབ་གྲྭ་(TNMF)བཅས་ཡིན་འདུག

བསྐྱར་རྒྱུགས་གཏོང་དགོས་པའི་སློབ་ཕྲུག་ཁོངས་ནས། བོད་ཁྱིམ་གོ་པལ་པུར་ནས་སློབ་ཕྲུག་༡། སྦེལ་ཀོབ་བོད་ཁྱིམ་ནས་སློབ་ཕྲུག་༦། མོན་གྷོ་ཊ་སམ་བྷོ་ཊ་ནས་༣། སིམ་ལ་དབུས་བོད་སློབ་ནས་༡། ཧར་སྤ་པུར་དབུས་བོད་སློབ་ནས་༣། མ་སུ་རི་དབུས་བོད་སློབ་ནས་༥། རྡོ་རྗེ་གླིང་དབུས་བོད་སློབ་ནས་༤། ཌོ་ལན་ཇི་སམ་བྷོ་ཊ་ནས་༢། ཌལ་ཧོར་བོད་སློབ་ནས་༣ བཅས་རེད་འདུག

ཡིག་རྒྱུགས་མ་འཕྲོད་པའི་ཁོངས་ནས་སྦེལ་ཀོབ་བོད་ཁྱིམ་ནས་སློབ་ཕྲུག་༡། མ་སུ་རི་དབུས་བོད་སློབ་ནས་༡། རྡོ་རྗེ་གླིང་དབུས་བོད་སློབ་ནས་༡། ཌོ་ལན་ཇི་སམ་བྷོ་ནས་༢ བཅས་ཡིན་འདུག

འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གཏོང་མཁན་བཙན་བྱོལ་བོད་མིའི་སློབ་གྲྭ་༡༧ ནས་ཆ་སྙོམས་བརྒྱ་ཆ་༧༧.༣༡ བླངས་ནས་ཨང་དང་པོ་སེ་ལ་ཀུ་བོད་ཁྱིམ་དང་། ཆ་སྙོམས་བརྒྱ་ཆ་༧༥.༡༩ བླངས་ནས་ཨང་གཉིས་པ་སུ་ཇ་བོད་ཁྱིམ། བརྒྱ་ཆ་༧༢.༤༤ བླངས་ནས་ཨང་གསུམ་པ་སྦེལ་ཀོབ་སམ་བྷོ་ཊ་བཅས་རེད་འདུག

འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གཏོང་མཁན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ནས་བརྒྱ་ཆ་མཐོ་ཤོས་བླངས་མཁན་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་སྐར་མ་ཕུན་ཚོགས་ཟླ་བ་ཡིས་བརྒྱ་ཆ་༩༤ ཡིན་པ་དང་། ཨང་གཉིས་པ་སྦེལ་ཀོབ་སམ་བྷོ་ཊའི་སློབ་ཕྲུག་བསྟན་འཛིན་གངས་མཚོ་ཡིས་བརྒྱ་ཆ་༩༢ བླངས་ཡོད་ཁར། ཨང་གསུམ་པར་མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་ལྷ་མོ་ཚེ་རིང་གིས་བརྒྱ་ཆ་༩༡ བླངས་འདུག

དེ་བཞིན་སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཨང་དང་པོ་སྦེལ་ཀོབ་སམ་བྷོ་ཊའི་སློབ་ཕྲུག་བསྟན་འཛིན་གངས་མཚོས་བརྒྱ་ཆ་ ༩༢ ། ཨང་གཉིས་པ་མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་བསོད་ནམས་བདེ་སྐྱིད་ཀྱིས་བརྒྱ་ཆ་༨༩.༦། ཨང་གསུམ་པ་མོན་གྷོ་སམ་བྷོ་ཊ་གཏན་སློབ་ཀྱི་སློབ་ཕྲུག་བསྟན་འཛིན་མཚོ་མོ་དང་། མ་སུ་རི་བོད་ཁྱིམ་སློབ་ཕྲུག་བསྟན་འཛིན་རྣམ་རྒྱལ་གཉིས་ནས་བརྒྱ་ཆ་༨༧།༨ རེ་བླངས་འདུག ཚོང་རིག་གི་སྡེ་ཚན་ཁོངས་ནས་ཨང་དང་པོ་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་ཕྲུག་བསྟན་འཛིན་ལུང་རིགས་བརྒྱ་ཆ་ ༨༩།༦  ། ཨང་གཉིས་པ་སྦེལ་ཀོབ་བོད་ཁྱིམ་སློབ་ཕྲུག་ཚེ་རིང་བདེ་སྐྱིད་བརྒྱ་ཆ་ ༨༨།༢ ། ཨང་གསུམ་པ་སྐལ་བཟང་རིན་ཆེན་བརྒྱ་ཆ་ ༨༥།༢ ཐོབ་ཡོད།

ཚན་རིག་སྡེ་ཚན་ཁོངས་ཨང་དང་པོ། སེ་ལ་ཁུའི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཀརྨ་ཕུན་ཚོགས་ཟླ་བ་བརྒྱ་ཆ་ ༩༤ དང་། ཨང་གཉིས་པ་མ་སུ་རི་བོད་ཁྱིམ་སློབ་ཕྲུག་ལྷ་མོ་ཚེ་རིང་བརྒྱ་ཆ་ ༩༡ ། ཨང་གསུམ་པ་སེ་ལ་ཁུའི་བོད་ཁྱིམ་སློབ་ཕྲུག་ཚེ་རིང་ལྷ་མོ་བརྒྱ་ཆ་ ༩༠།༨ ཐོབ་ཡོད་འདུག

འདི་ལོར་རྒྱ་གར་ཁྱོན་ཡོངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་(CBSE)བཏང་མཁན་སློབ་ཕྲུག་འབུམ་༡༢.༨༧ བྱུང་འདུག་པ་དང་། དེའི་ཁྲོད་ཨང་དང་པོ་བླངས་མཁན་རྒྱ་གར་གྱི་སློབ་ཕྲུག་བུད་མེད་གཉིས་ནས་བརྒྱ་ཆ་༩༩.༨ རེ་བླངས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།